འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Tuesday 5 March 2013
དུས་ཚོད་རེ་རེ་ཆུ་བོ་བཞིན་བཞུར་བྱུང་།
ཕྱིར་ཡོང་མེད་པའི་ལོ་ཟླ་དང་ལྷན་དུ།
མིག་རྡེབ་ཙམ་གྱིས།  བསམ་དབང་དྲན་དབང་མེད་པར།
ཉིས་སྟོང་བཅུ་གཅིག་གི་ནམ་གང་ཚེས་བྱུང་།
ཕུ་བོ་ལགས།   དོ་ནུབ་ངས་ཁྱེད་རང་དྲན་བྱུང་།
རྒྱང་ཐག་རིང་བའི་ཁྱེད་རང་དྲན་བྱུང་།


སྦ་གསང་བྲལ་བའི་ཡིད་ཀྱི་དཀྱིལ་དབུས་ནས་དྲན།
རྫུ་བག་བྲལ་བའི་མིག་གི་གཏིང་མཐའ་ནས་དྲན།

ཁུ་སིམ་པའི་དོ་ནུབ།    ཁ་དོག་བྲལ་བའི་དོ་ནུབ།
དབྱངས་རྟ་མེད་པའི་དོ་ནུབ།
དུས་ཚོད་ཀྱིས་ང་ལ་མང་པོ་ཞིག་བརྗོད་ཀྱིན་འདུག
གསལ་ལྷང་ལྷང་གི་འདས་དོན་མང་པོ་ཞིག
དྲོད་ལམ་ལམ་གྱི་གཏམ་རྒྱུད་རྫོགས་མེད་ཅིག

སེམས་པའི་གས་སྲུབས་ནས་ལྗང་མདོག་གིས་འབུས་ཤིང་།
དྲན་པའི་མཁའ་མཐའ་ནས་ཁྲུང་ཁྲུང་བཞིན་འཕུར་དུས།
ང་རང་སྔར་བཞིན་འུ་ཚང་གི་རི་རྩེ་དེར་འཁྱིལ་ན་བསམ་བྱུང་།

ཕྱོགས་མེད་དུ་རྒྱུ་བའི་སྤྲིན་ཕུང་ཞིག་ཏུ་བརྫུས་ནས།
བར་མེད་དུ་ལྡང་བའི་རླུང་བུ་ཞིག་ལ་འགྲོགས་ནས།
དུས་གཏན་དུ་བླ་སྲོག་གི་རྒྱབ་རི་དེར་འཁྱིལ་ནས་འདུག་འདོད།

ཕུ་བོ།   ཁྱེད་དང་བདག་གི་དྭངས་གཙང་གི་ལོ་ཟླ་སྣུམ་པོ།
ནམ་ཡང་ནར་སོན་མེད་པའི་ངའི་བྱིས་དུས་ཀྱི་རྨི་ལམ་དེ་ཡིན་ན།
དེ་རིང་།    ཡང་བསྐྱར་ཐེངས་ཤིག་ལ་ཁྱེད་ཀྱི་སེམས་ཁོང་གི་ལྷ་སྒྲུང་ཉུལ་འདོད།
དེ་རིང་།    ཡང་བསྐྱར་ཐེངས་ཤིག་ལ་ཁྱེད་ཀྱི་བརྩེ་འདང་གི་ཕ་གཞིས་བསྙེག་འདོད།

ཁྱེད་ཀྱི་མུན་པ་མེད་པའི་གསེར་མདོག་གི་ཞོགས་པ་དེ་ནས།
བདག་གིས་རྫོགས་སུ་མེད་པའི་བྱིས་སྒྲུང་གི་མེ་ཏོག་བཏུས་མྱོང་ལ།
ལྷུག་ལྷུག་དགོད་པའི་རྩྭ་ལྗང་གི་འཛུམ་མདངས་ཁྲོད་ནས།
ཁྱེད་ཀྱིས་བདག་གིས་གྱེར་བའི་བརྩེ་འདང་གི་གླུ་གཞས་ལ་རྣ་བ་བླགས་མྱོང་ཨང་།

དོ་ནུབ།   འུ་ཚང་གི་རི་སུལ་ཧྲིལ་པོར།
ཁ་བ་སྔར་བཞིན་དྭངས་གཙང་གི་འབབ་བཞིན་འདུག་གམ།
རི་རྩེར་འཁྱིལ་པའི་བསང་དུད་དང་རླུང་རྟའི་འཕུར་རླབས་ཁྲོད་ན།
ཁྱེད་ཀྱིས་སྔར་བཞིན་བདག་གི་མི་ཚེ་ལ་སྨོན་ལམ་འདེབས་བཞིན་ཡོད་དམ།

དེ་རིང་ངས་ཁྱེད་རང་ཧ་ཅང་དྲན་བྱུང་།
ཐོག་མར་བསླབ་མྱོང་བའི་ཀ་ཁའི་དབྱངས་རྟ་དང་མཉམ་དུ་དྲན་བྱུང་།
ཡང་ཡང་བཤད་མྱོང་བའི་ངག་སྒྲུང་གི་མཚར་སྣང་དང་ལྷན་དུ་དྲན་བྱུང་།
ད་དུང་ཆུང་དུས་སུ་ལས་མྱོང་བའི་ས་དམར་གྱི་རྩེད་ཆས་རེ་རེའང་དྲན་བྱུང་།
ས་གང་དུ་སོང་ཡང་།     གནས་གང་དུ་བསྡད་ཀྱང་།
 དེ་ནི་གཟུགས་རིས་ཇི་བཞིན།     སྣང་བརྙན་ཇི་བཞིན
ནམ་ཡང་བདག་ཡིད་ཀྱི་མཐོ་ས་ཞིག་ནས་དལ་གྱིས་འཕགས་བྱུང་།

འབྲི་ཀློག་མི་ཤེས་སྐབས་སུ་ཁྱེད་ཀྱིས་ཉོས་མྱོང་བའི་འབྲི་ཤོག་དང་ཞ་སྨྱུག་དེ་དག
སྐད་ཆ་བརྗོད་མི་ཤེས་པའི་དུས་སུ་ཁྱེད་ཀྱིས་བསྟན་པའི་བྱིས་སྒྲུང་གི་བརྙན་དེབ་དེ་དག
ཡོད་ཚད་བརྩེ་འདང་རྐྱང་རྐྱང་གིས་བསྐྱངས་པའི་ཉི་འོད་དེའི་དྲོད་འཇམ་ཡིན་ལ།
ངའི་སླད་མེད་བྱིས་དུས་ཀྱི་རྨི་ལམ་དང་ལྗང་མདོག་ཀྱང་ཡིན།

མཛེས་སྡུག་གི་འཛུམ་མདངས་དེ་ན     སུ་ཞིག་གི་དྭངས་གཙང་གི་ངུ་ངག་འཁྱིལ་ཡོད་ཨང་།
ལྗང་མདོག་གི་ལྟེབས་ཁུག་དེ་ན       སུ་ཞིག་གི་ལང་ཚོའི་མེ་ཏོག་འཐོར་མྱོང་ཨང་།

ཕུ་བོ་ལགས།     
བརྡ་འཕྲིན་འཕྲུལ་ཆས་ཀྱིས་དཀྲོགས་པའི་ཀི་རྒྱངས་ཁྲོད་ནས
ཡར་རྒྱས་ཚོང་ཟོང་གིས་སྒུལ་བའི་ཡོ་ལང་དབུས་ནས
ཁུ་སིམ་འཁྲུག་ལོང་གིས་བསླངས་པའི་དུས་ཟིང་ཀློང་ནས
ཁྱེད་ཀྱིས་སྔར་བཞིན་འུ་ཚང་གི་རྒྱབ་རི་མཐོན་པོ་སྲུང་བཞིན་སྡོད་དང

གནས་འདི་ན       ང་དང་མིང་སྲིང་ཚོ་དཀའ་སྡུག་གིས་ཡོང་བཞིན་ཡོད
མིག་ཆུ་དང་དྲན་ཤིང་གི་ལོ་ཟླ་རིང་མོ་རྒྱབ་ཏུ་བསྐྱུར་ནས
ང་རྒྱལ་དང་ཚེ་སྲོག་གི་གླུ་སྒྲ་གསར་བ་ངག་ལ་བཀུག་ནས
ནམ་ཡང་ཁྱེད་ཕྱོགས་སུ་ཡོང་བཞིན་ཡོད
ནུབ་པ་མེད་པའི་འུ་ཚང་གི་ཁྱིམ་གཞིས་དེ་སྙེག་ནས་ཡོང་བཞིན་ཡོད

འགྱེལ་དུ་མེད་པའི་ཡབ་ཆེན་གྱི་རྒྱབ་རི་དེ་སྙེག་བཞིན
འགག་པ་མེད་པའི་ཡུམ་ཆེན་གྱི་གླུ་ངག་དེ་གྱེར་བཞིན
དུངས་པ་ཟབ་པའི་མིང་སྲིང་ཚོའི་བརྩེ་སེམས་དང་ཕྱི་ཐག་ཁྱེར་ནས
འཇགས་སུ་མེད་པའི་འུ་ཚང་གི་འདས་སོང་དང་དེ་རིང་ཁུར་ནས
ནམ་ཡང་བྲེལ་སྟོབས་ཀྱིས་ཡོང་བཞིན་ཡོད།

ཕུ་བོ་ལགས།
ལྷག་བསམ་གྱི་གསེར་བྱེ་རེ་རེར་བསྡུ་གསོག་བྱོས་དང་།
བྱམས་སེམས་ཀྱི་མིག་ཟུང་གཉོམ་པོར་བྱམས་སྐྱོང་བྱོས་དང་།
འུ་ཚང་ལ་ཡིད་དུ་འོང་བའི་སང་ཉིན་གྱི་ནམ་མཁའ་ཞིག་ཅིས་ཀྱང་ཡོད་ངེས།
༢༠༡༡ལོའི་ཟླ་༢ཚེས་༤ཉིན་བྲིས།


                   

0 མཆན་བུ་འདེབ་ན་འདིར་ནོན:

Post a Comment