འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།



               མང་ཆུ་སྔོན་མོ།     ཕ་ཡུལ་གྱི་གནས་འགྲོ་མ།
                                                        ཡུལ་གྱུར་མཛངས་མ་ཞིག་ལ།
                                                  ཞོགས་ཉི།(སུ་ཁྲོན)
ཡོད་ཚད་རྒྱང་ལ་ཁེར་གཤར་ཉིས་གཤར།སྐྱ་རེངས་ཀྱི་འདྲེས་མདོར་འཚང་བའི་མིག་ཟུང་གྲངས་མེད་ཀྱིས།ཡུན་རིང་བསམ་པའི་རྨི་ལམ་གྱི་ཟབ་ཚད་གླེང་བཞིན་ལམ་ལ་ཆས།མ་གཞིར་ཕ་ཡུལ་ནི་རི་ཆུ་སྟོང་ཕྲག་གི་བདག་པོ་སྟེ།ནམ་ཟླ་ཟླུམ་པོར་དྲོད་གྲང་གི་འགྱུར་བག་རྒོད་ཀྱང་མང་ཆུ་སྔོན་མོ་ནིའཇགས་མི་སྲིད་པའི་རྡོག་སྒྲ་དྲོན་མོ་ཞིག
2
ཆེས་བཞུར་རྒྱུན་རིང་བའི་ཕ་ཡུལ་གྱི་གནས་འགྲོ་འཆོར་མོ།སྦྲ་ནག་དང་ལུག་ཁྱུའི་འཁོར་ལམ་ནས་ལང་ཚོའི་མྱུ་གུ་འབུས་ལ།རྩྭ་ལྗང་དང་མེ་ཏོག་གི་གསེབ་ནས་མི་ཚེའི་སྙན་དབྱངས་འཁྲོལ།མང་ཆུ་སྔོན་མོ།དབྱར་དྲུག་པའི་ས་འཛིན་གྱི་ལྟོ་བར་ཁྱེད་ནི་མུ་ཏོག་གི་ཕྲེང་བ་ཞིག དགུན་བཅུ་བའི་ཁ་ཆར་དང་རླུང་འཚུབ་ཁྲོད་ཁྱེད་ནི་དར་དཀར་གྱི་སྐ་རགས་བཞིན།མང་ཆུ་སྔོན་མོ།ཁྱེད་ཀྱི་མཁའ་ལ་འཕྱོ་བའི་བརྩེ་སེམས་ཀྱི་འགྱུར་བག་རེ་རེ།ངག་ལ་གྱེར་བའི་དུང་ཞེན་གྱི་གླུ་ཚིག་གྲངས་མེད།ཁ་བ་འབབ་སྔ་ཞིང་་མེ་ཏོག་འཐོར་སླ་བའི་མཐོ་སྒང་གི་སྒལ་གཞུང་འདིར་ཁྱེད་ཀྱི་རྐང་རྗེས་གསལ་ཅིང་ཟབ།

3
ཁྱེད་རང་འདི་ལྟར་མིག་ཆུ་དང་རྫོང་བ་མེད་པར།ཕྱི་མིག་དང་འཁྲེང་སེམས་མེད་པར།བཙན་དབང་དང་བསླུ་བྲིད་སྤོབས་པ་རུ་བརྫུས་ཤིང་དྲན་གདུང་དང་རྩམ་སྐྱ་རྒྱགས་ཕྱེ་རུ་སྒོམ་བཞིན།ས་མཐོའི་སྒོ་གླེགས་དལ་གྱིས་རྡུང།
4
འདོར་དཀའ་བ་རེ་དོར་ཅིང་བསྐྱུར་དཀའ་བ་རེ་བསྐྱུར་དོན་རྙེད་དཀའ་བ་དེའི་ཆེད་དུ་ཡིན་པས།ང་ཚོས་ཁ་བ་དང་གྲངས་རླུང་ཁྲོད་ནས་ཁྱེད་ཀྱི་གཟུགས་རིས་འཚོལ་ཅིང་ཕྱིར་དྲན་དང་རེ་སྒུག་གི་བར་ནས་ཁྱེད་ཀྱི་སྙན་ངག་འབྲི།མང་ཆུ་སྔོན་མོ།ཕ་ཡུལ་གྱི་གནས་འགྲོ་མ།
5
ཁྱེད་རང་གུ་དོག་པའི་བར་སྣང་ནས་གསང་སྟོབས་ཀྱིས་གཞན་ཡུལ་འགྲིམས་པས།ང་རང་ཁྱེད་ཀྱི་བཞུད་ལམ་དུ་འགྲེང་ནས་ཁྱེད་ཀྱི་འབྱུང་འགྱུར་བོས།མང་ཆུ་སྔོན་མོ།ཁྱེད་ནི་རྫ་མཐའ་ན་ཁོག་འདར་རྒྱག་བཞིན་པའི་རྫི་བོ་གྲངས་མེད་ཀྱི་འཁུན་སྒྲ་ཡིན་ལ།ཁྱེད་ནི་གཞན་ཁྱིམ་ན་གྲང་རླུང་རྒུམ་པའི་བུ་མོ་ཚོའི་མིག་ཆུ་ཡིན།མདོར་ན།ཁྱེད་ནི་གོ་ཁར་འཚང་བའི་སློག་ཧྲུལ་མེད་པའི་དྭ་ཕྲུག་ཚོའི་སྐྱ་རེངས་དྭངས་མོ་ཡིན།
6
ལོ་མ་རླུང་གིས་ཁུར་ཤུལ་ན་ཁ་བ་སྔར་བཞིན་འབབ་བཞིན་ཡོད་ནའང།ཁྱེད་ཀྱི་རོལ་དབྱངས་དྭངས་མོ་དང་མཐོ་རླབས་དྲག་པོས་ངའི་དྲན་པ་གསོས།
7
ས་སྲོད་ཀྱི་ཉི་ནུབ་རུམ་པའི་ཡུལ་གྱར་བ།སྦྲ་ནག་གི་རྟོགས་བརྗོད་རིང་མོ་དང་ཆགས་འཇིག་གི་མེ་རླབས་དྲག་པོ་མཁའ་རུ་མཆེད་དུས།འབྲོང་གཡག་གི་རྭ་ཟུང་སྐམ་པོ་དང་ཚེ་སྲོག་གི་དབུགས་རྒྱུན་གཉོམ་པོ་འདི།ས་ཆེན་གྱི་རྨ་ཁ་ཡིན་ན།རི་བོའི་ཕ་རོལ་དེ་ཁྱེད་ཀྱི་གནས་མལ་ཅི་ལ་མིན།མང་ཆུ་སྔོན་མོ།ཁྱེད་རང་མེ་ཏོག་ཉུང་ངུ་ལས་མེད་པའི་དབྱར་ཟླ་འགོ་མ་དེར་ཕ་ཡུལ་ནས་རྒྱང་ལ་བྱེར་ཞིང།དུས་དེ་ནས་བཟུང༌།ང་ཚོས་འཁྱགས་རླུང་གི་བར་གསེང་ནས་ཁྱེད་ཀྱི་བཞུར་རྒྱུན་ལ་ཉན།
8
མང་ཆུ་སྔོན་མོ།གནས་རུ་བརྒྱུད་པའི་གཅེན་ཆུང་མ།ཕ་ཡུལ་གྱི་ནམ་མཁའ་སྐྱ་བོ་དང་རི་ལུང་གི་གསང་བ་གྲངས་མེད་དེ་ང་ཆོའི་དམིགས་བྱ་ཡིན་ན།ཁྱེད་ཅིས་ཀྱང་བཞུར་འོས།འགྲུལ་བཞུད་རིང་མོ་འདིའི་རྡོག་སྣེ་གང་ལ་འཕྲད་ཀྱང༌།བསམ་གཞིགས་ཀྱི་སྟོན་ཀ་ལ་ལས་འབྲས་ཀྱི་ལོ་ལེགས་སྨིན་རག་བར་ཕྱི་མིག་མ་བལྟ།མང་ཆུ་སྔོན་མོ།ཁ་ཐག་རིང་བའི་ཕ་ཡུལ་གྱི་གནས་འགྲོ་མ།
མཚོ་སྔོན་སློབ་གྲ་ཆེན་མོའི་རིག་གཞུང་དུས་དེབ<<ཁུག་རྟ>>འི་སྟེང་བཀོད།


གངས་རིའི་སྲས་མོ།
                   གཟུངས་ཕྱུག་སྐྱིད་ལ་ཕུལ་བ།
                             བྱ་གཞུང་སྙིང་མོ་སྐྱིད། ཆབ་གཞུང
སྤྲིན་དཀར་གྱི་རྒྱུ་བག་མིག་ཟུང་གིས་འཚོས་པའི་ང་ཚོས་མི་ལོ་དུ་མར་མྱ་ངན་ཐང་གི་མཛེས་སྡུག་གླེང་བཞིན། མངར་ལ་སྐྱུར་བའི་འཚོ་བ་འདིར།  སྙན་ངག་གི་ལེགས་སྐྱེས་ཕུལ་བ་ནི་སུ་ཞིག་ལ་བཞག་པའི་དྲན་ཤིང་ཡིན། ངའི་རེ་བའི་ཕ་ས་ནས་བཞུད་པའི་གངས་རིའི་སྲས་མོ། ཁྱེད་ཀྱིས་སྙན་ངག་གི་མེ་ཏོག་འཐུ་བཞིན༌། ཕུགས་བསམས་གྱི་ལོ་མ་གཏོར་བཞིན།  ལེ་བར་སྟོང་ཕྲག་གི་ཉག་ལམ་བརྒྱུད་ནས།  ང་ཚོ་དང་བར་ཐག་རིང་བའི་གནས་དེར་སོང་ཤུལ་དུ།  ངའི་སེམས་ཁོང་ན་ཁྱེད་ལ་ཞུ་མ་ཐུབ་པའི་སེམས་གཏམ་དྲོན་མོ་ཞིག་གི་ལྷག་འཕྲོ་ཡོད། ཁྱེད་ཀྱིས་བརྩོན་སེམས་ལས་བཞུར་བའི་རྔུག་ཁྲག་དངོས་མ།  <<བྱུ་རུའི་ལས་དབང>>  ང་རང་རྒྱང་རིང་ལ་འགྲོ་བའི་སྙན་ངག་གི་རྒྱག་བྲོ་ཡིན།  ནམ་རྒྱུན་འགྲམ་པ་ལག་པས་བསྐྱོར་ནས་ཁྱེད་ཀྱི་བྲིས་པའི་སྙན་ཚིག རྨ་ཆེན་གངས་རིཀློག་དུས།  ངས་རང་ཉིད་རྫ་མཐོན་པོ་ཞིག་གི་རྔམས་ཁ་བརྒྱུད་པའི་འབྲོང་རུ་དམར་ཅིག་གི་རྒྱུད་འཛིན་ཡིན་པར་སྙམ།
གངས་རིའི་སྲས་མོ།  ཁ་སང་གི་ཉི་མ་གཞོན་ནུ།  གསེར་མདོག་གིས་བཞུད་པའི་ནང་མོ་དེར།  སྙན་ངག་དང་དུས་དེབ་ཀྱི་འཇིག་རྟེན་ན།  འུ་གཉིས་ཀྱིས་ལྷག་བསམ་དང་བརྩེ་དུང་གི་འབྱོར་ཕྱུག་གླེང་བཞིན་སེམས་པ་དམར་པོའི་མཆོད་བརྗོད་རེ་བྲིས་པ།  ད་ལྟ་ངའི་ཕྱིར་དྲན་ཁྲོད་ཀྱི་གླེང་གཞི་ཡིན། གངས་རིའི་གསེབ་ན་ཉུལ་བའི་རྫ་རིའི་འབྲོང་ཁྱུས་མེ་ཏོག་དམར་པོའི་འཁྲུངས་སྐར་གླེང་བཞིན།  སྤྲིན་པ་ཐ་ཐོར་ཅིག་ལ་སེམས་པ་བསྐུར་དུས་འུ་གཉིས་ཀྱི་སྙན་ངག་གི་འཇིག་རྟེན་ནས།  འཁོར་བ་འདིར་ཆག་འཇིག་མེད་པའི་སྨོན་ལམ་བཏབ་པ་ཡང་བསྐྱར་དྲན་ནམ།  དྭངས་གཙང་གི་སེམས་པ་ཕ་ཡུལ་ནས་བཞག་ཤིང༌།  སྙན་ངག་གི་རྒྱུ་ཆ་ཐག་རིང་དུ་ཁྱེར་བའི་གངས་རིའི་སྲས་མོ།
ཁྱེད་ཡོད་དུས།  ཡུལ་ལྗོངས་འདིའི་མཁའ་དབྱིངས་ན་ཤེས་རིག་གི་སྦྲང་ཆར་འབབ་ལ། རྩོམ་རིག་གི་མེ་ཏོག་བཞད་འདུག  དེ་དུས། ང་ཡང་ཁྱེད་ཀྱི་སྙན་ངག་གི་ལོ་མ་བརྐུ་བའི་ལྐོག་གྱུར་གྱི་འགྲུལ་བཞུད་པ་ཡིན། ཡོད་ཚད་བྱེ་ཐང་གི་མཛེས་སྡུག་ལ་སྒོམ་པའི་དེ་རིང༌།   ཁོར་ཡུག་འདིའི་ལྗོན་རྩེ་ན་ཁུ་བྱུག་གི་གསུང་སྙན་མེད་ལ། འཇོལ་མོ་ཡི་གྲེ་འགྱུར་དཀོན་པས་ངའི་རེ་བའི་ལག་ཟུང་སྙིང་ཁར་བཞག་ནས།  ཁྱེད་ཀྱི་རྗེས་ཤུལ་ལ་མིག་ཟུང་ཤོར།
གངས་རིའི་སྲས་མོ། ཁྱེད་བཞུད་པ་ནས་ངའི་སེམས་ཁོང་ན་འབར་མི་ཚར་བའི་མེ་རི་ཞིག་གི་ཚ་རླབས་ཡོད།
ཚ་རླབས་མ་ཚར་བར་ཏུ།  ངས་ ཁྱེད་ཀྱིས་རྗེས་ཤུལ་བསྙེག་ངེས།   དུས་ད་ལྟ།  ང་རང་སྙན་ངག་གི་ཞིང་ཐང་ལ་བསྐྱོདས་ཐེངས་རེར།  ཁྱེད་ཀྱི་སྙན་ཚིག་རེ་རེ་རང་གི་ཚེ་གྲོགས་སུ་སྒོམ་ཞིང༌།  འབྱུང་འགྱུར་གྱི་ནམ་མཁའ་གཡའ་དག་དུས། འུ་གཉིས་ཀྱི་མཇལ་འཕྲད་ཀྱི་གསོལ་སྟོན་བཤམས་པའི་སྨོན་ལམ་དང་བཅས། གངས་རིའི་སྲས་མོ་བདེ་བར་སྨོན། 
             <<ཐོ་རེངས་སྐར་ཆེན>>ལས་བདམས།
ངས་ཁྱེད་ལ་སྙིང་གཏམ་ཞིག་བརྗོད་ན་འདོད། <<བྱུ་རུའི་ལས་དབང>>ཞེས་པའི་སྙན་དེབ་བཀླགས་རྗེས།
ཆབ་ཆཔད་མ་རིག་འཛིན།
མཚན་མོ་འདིར་བྱུ་རུའི་ལས་དབང་ལ་མགོ་བོ་བསྙེས་ནས་ཡུན་རིང་འགོར་བས། //བྱང་རླུང་འར་འུར་གཡུགས་པའི་དགུན་དུས་ཀྱི་ས་སྲོད་རེ་རེར།  སྦྲ་ནག་གི་དངན་པ་ཁྱུ་ཞིག་དུད་ནས་ཕྱིར་ལོག//ཅིང༌།  ཁྱེད་དྲན་དེ། ཡང་བསྐྱར་ལྭ་སྒྲོན་རྐང་ཞིག་ལ་འོད་སྣང་སྦར་རྗེས་ཁང་མིག་གི་ལྷིང་འཇགས་མི་སྲུང་ཀ་མེད་བྱུང༌།
ཁྱེད།  སྙིང་ཉེ་བའི་སྲས་མོ་ཞིག
ཁྱེད།  རླབས་ཆེ་བའི་སྐྱེས་མ་ཞིག
ཁྱེད། དུས་རབས་ཀྱི་རོལ་དབྱངས་ཤིག
ངས<<བྱུ་རུའི་ལས་དབང>>ལ་བལྟས་ཀྱིན་བལྟས་ཀྱིན་སྡོམ་ཚིག་འདི་དག་རྙེད་བྱུང༌། རྙེད་བྱུང་བས།  ཟླ་བ་དང་ཉི་མའི་འཇིག་རྟེན།  ཡང་ན་སྐར་ཚོགས་དང་གཡང་དཀར། སྤྲིན་དཀར་རྒྱུ་བའི་ཡུལ་ལྗོངས་ཤིག་གི་འབོད་སྐད་ཚོར་བྱུང༌།  དེ་བས།  བོར་ཟིན་པའི་རང་ཉིད་དམ་ཡང་ན་གོམ་འགྲོས་དལ་བའི་གྲོགས་པོ་ཚོ་དྲན་བྱུང༌། སྤྱིར་ན་ཁ་བཏགས་ཤིག་བཟུང་ནས་ཁྱེད་ཀྱི་སྒོ་འགྲམ་དུ་བཅར་ན་འོས
མཚན་མོ་འདིར།  ངའི་གཡས་གཡོན་དང་བར་སྣང༌།  མདུན་རྒྱབ་གང་རུང་ན་དགོད་སྒྲ་དང་ལབ་གླེང་ཅི་ཡང་མེད།  ཐ་ན་སྐར་ ཚོགས་དང་ཟླ་བ་ཡང་བོར་སོང༌། འོ།  མུན་པ་ཧ་ཅང་ཟབ།  སྐབས་འདིར་ངའི་སེམས་ཁོང་དུ་ཉི་འོད་ཅིག་འབབ་རྒྱུ་ཡོད་ན།   ལ་ལུང་ཇི་འདྲིའི་མང་པོ་ཞིག་བསྐྱར་ཟློས་བྱེད་དགོས་ཀྱང་འགྱོད་པ་མེད་ཡ།  སྙན་ངག་གི་སྲས་མོལགས།  ཉེ་སྔོན་གྲོགས་པོ་འགའ་དང་མཉམ་དུ་ཝུ་ཆང་གི་མཐའ་ནས་འཛོམས་དུས།
ཐོག་མར་<<བྱུའི་ལས་དབང>>གླེང་ཞིང༌། དེ་ནས་བཙན་ཚུགས་ཀྱིས་རྟ་གོང་ལ་བསྐྱོན་པའི་གནས་འགྲོ་མ་མང་པོ་ཞིག་གི་འཚོ་སྟངས་བརྗོད། ངོ་མ་ཨ་ཕ།  ང་གནས་ལ་མི་འགྲོ འདི་ཁོ་མོ་ཚོའི་སེམས་ཁོང་གི་སྙིང་གཏམ་ཡིན་ལ།  ང་ཚོའི་ཡིད་སེམས་ཀྱི་ན་ཟུག་ཀྱང་མིན་ནམ།
སོང་སོང་མཐར།  བསམ་བསམ་མཐར།  བྲིས་བྲིས་མཐར། ང་ཚོ་སྔར་བཞིན་གངས་རི་དང་རྩྭ་ཐང༌། ལུག་ཁྱུ་དང་འབྲོང་གཡག་གི་འཇིག་རྟེན་ལས་བརྒལ་མི་འདོད།  ལོས་ཡིན།  འདི་ནི་ང་ཚོའི་ཐོག་མའི་སྐྱེས་ས་སྐྱེས་ཡུལ་ཡིན་ལ་མཐའ་མའི་བཞུགས་གནས་སུའང་འཁུམས།    ད་དུང་ཡུལ་མི་ཚོའིཀུན་དགའ་རོལ་མཚོཡིན་པ་འང་གོར་མ་ཆག           
ཁྱེད་ཀྱི་འཇིག་རྟེན་ན་ཁ་བའི་མེ་ཏོག་དང་ཁྲུང་ཁྲུང་གི་འཕུར་སྟངས། ཆུ་བོའི་བཞུར་རྒྱུན་ཡོད་ལ། ཕམ་ཁའི་རྒྱབ་གཟུགས་དང་རྒྱང་རིང་གི་གཡབ་མོ།  བརྩེ་དུང་གི་དྲི་ངད་ཀྱང་ལྡང་བས།     ཁྱེད་ཀྱི་སྙན་ངག་གི་བརྗོད་བྱ་ཧ་ཅང་ཕུན་སུམ་ཚོགས་ལ།  འཁང་སེམས་དང་ཁུར་བོ་ཡང་ཤིན་ཏུ་ལྕི།
ཡིན་ནའང༌།མཚམས་རེརམ་བགད་པའི་འཇིག་རྟེནནསཁུ་སིམ་མེར་འགྲོ་འདོདཔ་འདི་ལ།  སྤོབས་པ་ཞིག་དང་སྙིང་སྟོབས་ཤིག བསམ་གཞིག་ཅིག་ཅིས་ཀྱང་དགོས་པ་ཁྱེད་ཀྱི་བརྗེད་མི་ཉན་ཨང༌།
<<བྱུ་རུའི་ལས་དབང>>བོད་མི་ཚོའི་སེམས་ཁོང་གི་སྒྲ་དབྱངས་ཡིན་ལ། སྐྱེས་མ་ཚོའི་རྣམ་དག་གི་སྙིང་གཏམ་ལགས། <<བྱུ་རུའི་ལས་དབང>>  དུས་རབས་འདིའི་སྙིང་སྟོབས་ཤིག་གི་སྔོན་འགྲོ་ཡིན་ལ།  བོད་མི་ཚོའི་གཟི་བརྗིད་ཀྱི་འབྲས་བུ་ཡང་ལགས།
དེ་བས་མཚན་མོ་འདིར།  <<བྱུ་རུའི་ལས་དབང>>ལ་ཡང་བསྐྱར་ཐེངས་ཤིག་བལྟས་རྗེས་རྒྱང་རིང་གི་མུན་པའི་ཁྲོད་ནས་ནསཔོ་ཏ་ལའི་ཕྱིར་མིགམཐོང་བྱུང༌།  ཨ་ཙི། དེ་ནི་བསྡུས་བརྗོད་ཅིག་གམ་ཡང་རྟོགས་སད་ཐེངས་ཤིག་ལགས། སང་ཉིན་གྱི་ཉི་འོད།ཐོག་མར་ཁྱེད་ཀྱི་སྙན་ངག་གི་སྦྲ་འདབས་སུ་བཞད་པར་སྨོན།
མཚོ་སྔོན<<ཁྲིམས་ལུགས་ཚགས་པར>>ལས་བདམས། 


བརྩེ་དུངས་ཀྱིས་ཀུན་ནས་ཕྱུག་པའི་ཡུལ་བཀོད་སྙན་ངག་ཅིག
                                                ལྷ་ཆབ་སྦྱིན་པ(རྡ་རམ་ས་ལ)
བུད་མེད་སྙན་ངག་པ་གཟུངས་ཕྱུག་སྐྱིད་ཀྱིཕ་ཡུལ་ནཞེས་པའི་ཕྲན་དཔྱད།
བསྡུས་བརྗོད་རང་ལུགས་པ་རྣམས་ཀྱིས་སྙན་ངག་གིས:ནང་སེམས་ཀྱི་ལམ་དང་འཕྲུལ་ཤེས་གསལ་བོར་མཚན་པར་བྱེད་པ་ལྟར་བུད་མེད་སྙན་ངག་པ་གཟུངས་ཕྱུག་སྐྱིད་ཀྱིས་ཀྱང་རང་ཉིད་དང་སྤྱི་ཚོགས་བར་གྱི་ལྟ་ཚུལ།  རང་ཉིད་དང་རང་བྱུང་ཁམས་ཀྱི་འབྲེལ་བ།རང་ཉིད་དང་སྤྱི་ཚོགས་ཀུན་སྤྱོད།\\རང་ཉིད་དང་རང་དབང་གི་ཀུན་སྤྱོད།རང་ཉིད་དང་རང་ཉིད་ཀྱི་མཛེས་དཔྱོད་ལྟ་བ་སོགས་ལ་འཕྲུལ་ཤེས་ཀྱིས་སྤྱི་སྡོམ་ཞིག་བསྐོ་བྱས་ཏེ་ཡ་མ་གཟུགས་ཀྱི་སྤྱི་ཚོགས་འདི་འཐོར་ཞིག་ཏུ་འགྲོ་བར་ཤུགས་ཆེན་པོས་མཚམས་ཐིག་ཅིག་བཏབ་ཡོད།དེའི་ཕྱིར་ནུབ་གླིང་གི་སྙན་ངག་པ་ཨེ་ལེས་ཐུའི་སྨྱུག་འོག་གི་འཇིག་རྟེན་དེ་མྱ་ངམ་ཐང་ཆེན་དུ་གྱུར་སོང་བ་ལྟ་བུ་མ་ཡིན་པར་རང་ཉིད་ཀྱི་སེམས་ཁམས་ཀྱི་མྱང་བ་མཐའ་དག་ཕྱི་རོལ་གྱི་ཡུལ་ལྗོངས་དང་དེའི་མཛེས་སྡུག་ལ་འཁྲིལ་ཏེ་རང་བྱུང་ཁམས་ལ་རྫོགས་མཐའ་བྲལ་བའི་བརྩེ་བ་ངོ་མ་ཞིག་སྤྲད་ཡོད་དེ།  དཔེར་ན། /རི་ཆུའི་བཞུར་སྒྲ /འོ་མའི་ཤག་སྒྲ/ཕ་ཡུལ་ན/རང་བྱུང་གི་རོལ་དབྱངས་རྫོགས་རྒྱུ་མེད/  དྭངས་གཙང་གི་ནམ་མཁའ/ ཁོད་ཡངས་པའི་ས་གཞི ཕ་ཡུལ་ན/  རང་བྱུང་གི་མཚར་སྡུག་འཛད་མཐའ་བྲལ ཞེས་པ་ལྟ་བུ་འབྱུང་ལ། ༡ཧྥ་རིན་སིའི་སྙན་ངག་པབསྡུས་བརྗོད་རང་ལུགས་ཀྱི་སྲོལ་འབྱེད་པཆེན་མོ་བྷོ་བོང་དྷི་ལེར་གྱིས་ཀྱང་བསྡུས་བརྗོད་རིང་ལུགས་ཀྱི་རྩ་འཛིན་དང་དགོངས་གཞི་ལྟ་བུར་གྱུར་བའི་སྙན་ངག རྟེན་འབྲེལཞེས་པརའཛད་མཐའ་མེད་པའི་བྱ་དངོས་སྣ་ཚོགས་ཕྱོགས་ཀུན་ཁྱབ་ཅིང༌། སྤོས་ཤུལ་དང་གླ་རྩི།  གུ་གུལ།   སྤོས་དཀར་སོགས་ཀྱི་དྲི་ཞིམ་བཞིན།   ཤེས་པ་དང་གཟུགས་ཕུང་གི་སྤྲོ་དགའ་ལ་གླུ་དབྱངས་ལེན་ཞེས་རང་བྱུང་ཁམས་གཞི་གྲུབ་པའི་བྱ་དངོས་རྣམས་བསྡུས་དོན་གྱི་མཚོན་བྱེད་དུ་བརྗོད་ཡོད་པ་བཞིན།  གཟུངས་ཕྱུག་སྐྱིད་ཀྱིས་ཀྱང/ རི་ཆུའི་བཞུར་སྒྲའོ་མའི་ཤག་སྒྲ/  ཁོད་ཡངས་པའི་ས་གཞི  དག་ནི་འཛད་མཐའ་མེད་པའི་རང་བྱུང་མཚར་སྡུག་གི་བསྡུས་དོན་དུ་གྲུབ་པས།  ཕ་ཡུལ་ནཞེས་པའི་སྙན་ངག་འདིའི་འགོ་འཛུགས་སྟངས་བསྡུས་བརྗོད་རང་ལུགས་སུ་གྲུབ་ཡོད་པར་སྙམ།  དེ་ཡིན་པའི་རྒྱུ་མཚན་་ནི་རང་ཉིད་ཀྱི་ཚོར་ཤེས་དང་ རང་བྱུང་ཁམས་ཆེན་པོ་གཉིས་སྦྲེལ་ཏེ་སྙན་ངག་པའི་འགན་དབང་ཆ་ཚང་ཞིག་ཁུར་ཡོད་པས་ཡིན།   དེ་ནིབསྡུས་བརྗོདཔ་རྣམས་ཀྱིས་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་ཆེད་རང་བྱུང་གི་ལྐོག་གྱུར་དེ་གསལ་བོར་མཚོན་པར་བྱ་དགོས་ན་ངེས་པར་དུ་རང་གི་འཕྲུལ་ཤེས་ལ་བརྟེན་དགོས་ཞེས་པ་དེ་རེད།  
གཉིས།  ཕ་ཡུལ་གྱི་རིགས་གཞུང་ལ་སྤྲད་པའི་བརྩེ་བ།
 /ཕྱི་ཐག/   སྙིང་རྗེ/  ཕ་ཡུལ་ནཁྲེལ་གཞུང་གི་རྣམ་མཁར་མཐོ་རུ་ཆགས/  དད་འདུན་དང་ཡིད་ཆེས/  ཕ་ ཡུལ་ན/  བརྩོན་སེམས་ཀྱི་རྨུ་ཐག་རིང་དུ་འཐེནཕ་ཡུལ་ཞེས་བོད་ཀྱི་རིག་གཞུང་དང་གོམས་གཤིས།  མི་དམངས་ཀྱི་བསམ་བློའི་ཁྱེར་སོ་བཅས་ཀྱི་ཁྱད་ཆོས་དང་ཡོན་ཏན་རེ་རེའི་ཟུར་ངོས་ཤིག་མཚོན་པར་བྱས་པ་འདིས་ཡ་མ་གཟུགས་ཀྱི་སྤྱི་ཚོགས་ཤིག་ལ་ཁ་གཏད་ཡོད་པར་གསལ་ལ།  རང་སེམས་ཀྱི་བརྣག་ས་གང་བརྗོད་པ་དེའི་ཁ་གཏད་ནི་རང་སེམས་ཀྱི་ལྐོག་གྱུར་རིགས་ཤིག་ཡིན་ལ།  དེ་གཉིས་ཕན་ཚུན་རྟེན་དང་བརྟེན་པ་ལྟ་བུར་གྱུར་པས།  /ཁྲེལ་གཞུང/  /དད་འདུན/  /ཡིད་ཆས/   /བརྩོན་སེམསབཅས་ནི་གང་གིས་ཀྱང་མཚོན་དུ་མེད་པའི་ཕ་ཡུལ་དུ་ལུས་པའི་མོ་རང་གི་དད་ས་དང་ཞེན་ཡུལ་དུ་ཟད།  དད་ས་ཞེན་ཡུལ་འདིས་མོ་རང་གི་ཁ་གཏད་སྤྱི་ཚོགས་ཤིག་ལ་རང་དབང་གི་སློབ་གསོ་སྤྲོད་ཀྱིན་ཡོད། ཀློག་པ་པོ་ཚོས་གསལ་བོར་མཁྱེན་གསལ་ལྟར་གོང་གི་སྨྲས་མ་ཐག་པའི་ཐ་སྙད་འདི་དག་གིས་ང་ཚོའི་གངས་ཅན་པ་རྣམས་ཀྱི་རང་གཤིས་རྣལ་མ་གསལ་བོར་མཚོན་པ་མ་ཟད།  ཐུན་མོང་མ་ཡིན་པའི་རིག་གཞུང་ཞིག་ཀྱང་མཚོན།  ད་དུང་གཟུངས་ཕྱུག་སྐྱིད་ཀྱིས་བསྡུས་དོན་གྱིས་མཚོན་པར་བྱས་པའི་ཁ་གཏད་སྤྱི་ཚོགས་འདིའི་རིག་གཞུང་རྩ་གཏོར་གྱི་འདུ་ཤེས་ལ་བླ་ན་མེད་པའི་ཕངས་སེམས་བཅངས་ཡོད།  ད་དུངཕྱི་ཐགདངཁྲེལ་གཞུང་ལྟ་བུའི་ཤུགས་ལ་དེང་གི་སྤྱི་ཚོགས་འདིའི་ཁྲོད་ཡིད་རྟོན་རུང་བའམ་རང་གཤིས་ལ་བརྩི་མཐོང་བྱེད་མཁན་མེད་པ་མ་ཟད།  ལྷག་པར་དུ་ང་ཚོའི་བཙན་བྱོལ་ཁྲོད་རང་གི་རྒྱབ་གོས་ལས་སུ་ལའང་རློམ་སེམས་བྲལ་བའི་ངོས་ཤེས་ཤིག་ཟུར་མཚོན་བྱས་ཡོད་པར་སྙམ།
གསུམ།  ཕ་ཡུལ་གྱི་གཉེན་ཉེ་དུ་ལ་སྤྲད་པའི་བརྩེ་བ།
/ང་ཚོ  ཕ་ཡུལ་དུ་འགྲོཕ་ལོ་དང་མ་ལོ/  ཕ་ཡུལ་ན་/  ང་ཚོའི་བརྩེ་འདང་ཡོད་ཚད་ལུས/  རེ་སྨོན་དང་ལང་ཚོ/  ཕ་ཡུལ་ནས/    ང་ཚོའི་བྱིས་དུས་ཡོད་ཚད་སྨིན/  ཡང་མེས་ཀྱི་ཕ་མཁར་རྣལ་མ་འཚོལ་ན/   མི་རིགས་ཀྱི་རང་གཤིས་ངོ་མ་འཚོལ་ན/  ང་ཚོ/   ནམ་ཡང་ཕ་ཡུལ་དུ་ལོག་དགོས/  འདི་ལ་སྤྱི་ཚོགསས་ཀྱི་རྒྱབ་ལྗོངས་དང་བཅོས་མིན་གྱི་བརྩེ་བ་ངོ་མ་ཞིག་མཆིས་པ་ནི། ཁོ་མོ་འཇིག་རྟེན་གྱི་འཚོ་གཞེས་ཆེས་ཉག་ཕྲ་བ་སྟེ་སྐྱབས་བཅོལ་བ་ཞིག་ཡིན་པ་དེ་རེད།  ཡང་གཅིག་བཤད་ན་སྙན་ངག་འདི་ཁོ་མོས་སྐྱབས་བཅོལ་གྱི་འཚོ་བ་དངོས་སུ་མ་རོལ་གོང་བྲིས་པ་ཡིན་པ་ཡངམཇུག་གི་ཟླ་ཚེས་དང་ལྷ་སའི<<བདག་པོ>>འི་སྟེང་བཀོད་པར་གསལ་མོདགང་ལྟར་འདིས་མཚོན་དོན་ནི་བོད་ཀྱི་ཁ་དཔེར་ས་མཐའ་མི་སྐྱིད་ མཛོ་འཕོངས་མི་བདེ་ཟེར་བ་དེ་རེད།  ཁོ་མོས་ཕ་ཡུལ་དུ་བྲིས་པ་ཞིག་ཡིན་ཚེ་མོ་རང་གིས་ས་མཐར་གྱར་ཞིང་ས་མཐའ་ནས་གཞན་རྟེན་གྱི་འཚོ་བར་རོལ་ཏེ་མི་རིགས་རང་གི་གཤིས་ཀ་དང་འདུ་ཤེས་སོགས་ཡོད་ཚད་བརླག་ཡོང་གིན་པའི་ངང་ཚུལ་ལ་མངོན་དཔག་བྱས་པ་ཞིག་རེད།  2 རྩོམ་རིག་གི་ཆེས་གཏིང་ཟབ་པའི་དོན་སྙིང་ནི།  མིའི་སེམས་ཁམས།   མིའི་དུང་ཞེན།  མིའི་བླ་སྲོག་མཚོན་པ་དེ་རེད་ཅེས་པ་ལྟར་ཡུལ་གང་ནས་བྲིས་མིན་གཙོ་བ་མ་ཡིན་པར་དངོས་ཡོད་ཀྱི་བསམ་གཞིགས་ལ་གདེང་འཇོག་བྱེད་རྒྱུ་དེ་ཡིན།ཚད་མཐོ་ཤོས་ཤིག་གི་ངོས་ནས་བལྟས་ན།གཙོ་བོ་རང་ལ་ཡུལ་ཞིག་ཡོད་པ་དང་ཡུལ་དེ་ན་ཕ་མ་དང་ཕ་མེས་ཀྱི་བླ་མཁར།མི་རིགས་དང་མི་རིགས་ཀྱི་གཤིས་ཀ་རྣལ་མ་ཞིག་ལུས་ཡོད་པ་དེ་རེད།དམིགས་བསལ་གྱི་མཚོན་ཚུལ་འདིའི་སྟེང་ནས་ཁོར་ཡུག་གིས་མི་ལ་ཤན་ཞུགས་གཏང་སྟེ་ཕ་ཡུལ་ཕ་ཡུལ་དུ་མི་གོ་བ་དང།ཕ་མ་ཕ་མར་མི་ཤེས་པའི་གསོབ་སྟོང་གི་མི་རྣམས་ལ་འབོད་སྐུལ་བཏང་ཡོད།སྐབས་འདིར་ང་ཚོས་སྙན་ངག་ཐུང་ངུ་འདི་དབུགས་ཐེངས་གཅིག་གིས་ཀློག་ཚེ།ང་ཚོའི་འདུ་ཤེས་འཛིན་སྟངས་ཀྱིས/ཕ་ཡུལ་ན/ཞེས་པའི་ན་སྒྲ་འདིའི་ཤུགས་བསྟན་ན་རྩོམ་པ་པོ་ཁོ་མོར་ད་དུང་བརྗོད་མི་ཚར་བའི་བརྩེ་བ་ཞིག་ལུས་ཡོད་པར་སྣང་ལ།ཞིབ་ཏུ་བསམ་བློ་བཏང་ཚེ་སྙན་ངག་ཐུང་ངུ་འདིའི་འགོ་ནས་དུམ་ཚན་གསུམ་པའི་བར་དུ་ཕ་ཡུལ་ཏེ་གངས་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྗོད་དེ་ལ་དགའ་བ་དང་དུང་བ།དེ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་མཚོན་པས་རྒྱལ་གཅེས་རང་ལུགས་ཀྱི་བསམ་ཚུལ་མཚོན་པའི་སྙན་ངག་ཅིག་ཏུ་གྲུབ་འདུག་ཅེས་བཤད་ཆོག་པར་སྙམ།
བཞི།ཚིག་ཉུང་ལ་དོན་འདུས་པའི་ཁྱད་ཆོས།
གོང་གི་བརྗོད་ཟིན་པའི་སྙན་ངག་འདིའི་གྲུབ་ཚུལ་ནི་འདི་ལྟ་སྟེ།མི་རིགས་རང་གི་མཛེས་དཔྱོད་ཀྱི་སེམས་ཁམས་དང་སྐད་ཡིག།རིགས་གཞུང་སོགས་ཀྱིས་མཚོན་པའི་ཐ་སྙད་འདུལ་སྦྱོང་གི་ཁྱད་ཆོས་ལྡན་ཏེ།དཔེར་ན/རི་ཆུའི་བཞུར་སྒྲ/དང/འོ་མའི་ཤག་སྒྲ/སོགས་ཀྱིས་བོད་མི་རིགས་རང་གི་འཚོ་བ་དང་ཁོར་ཡུག་གི་མཛེས་པ་མཚོན་ཅིང།/ཕྱི་ཐག/སྙིང་རྗེ/ཁྲེལ་གཞུང/ཡིད་ཆེས/བརྩོན་སེམས/བཅས་ཀྱིས་མི་རིགས་ཀྱི་སེམས་ཁམས་དང་རིག་གཞུང་མཚོན་པ་སྟེ།མདོར་ན་མཚོན་པར་བྱ་བའི་ཡུལ་མཐའ་དག་ལ་བོད་རང་གི་སྤྱི་སྐད་ལས་འདས་པའི་ཐ་སྙད་ཀྱིས་སྤྲས་པ་གཅིག་ཀྱང་མེད་ཁར་བརྗོད་བྱ་ལ་གཏིང་ཟབ་ཅིང་རྗོད་བྱེད་ཀྱི་ཚིག་ཉུང་ལ་དོན་འདུས་པས།ཀློག་པ་པོར་གྱ་ནོམ་པའི་སྒྱུ་རྩལ་གྱི་ལེགས་སྐྱེས་ཤིག་ཕུལ་འདུག་གོ  ཡང་གཅིག་བཤད་ན་སྙན་རྩོམ་འདིའི་གོ་རིམ་ཧྲིལ་པོ་ནི་ཆགས་སྡང་གི་རླབས་ཕྲེང་དགུང་དུ་འཕྱུར་ཞིང་ཡིད་འགྱུར་གྱི་མཚོ་མོ་དྲག་ཏུ་གཡོ་བར་བྱེད་པའི་བརྒྱུད་རིམ་འདི་ལྟ་བུ་ལ་བརྩེ་དུང་ཞེས་འབོད་ལ།3/བརྩེ་དུང་ལ་བརྟེན་ནས་མི་སེམས་ལ་གཡོ་འགུལ་གཏོང་བ་ནི་རྩོམ་རིག་གི་གལ་ཆེའི་ཁྱད་རྟགས་ཤིག་ཏུ་གྲུབ་ཡོད/ཅེས་དང་སྙན་ངག་གི་ངག་སྦྱོར་ལ་བརྩེ་དུང་གིས་ཕྱུག་པའི་ཁྱད་ཆོས་གཙིགས་སུ་འཛིན་དགོས་པར་བསྟན་པའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པར་སྙམ།
ལྔ།སྤྱི་མཐུན་ལ་སྤྲད་པའི་རྗེས་དཔག་གི་བརྩེ་བ།
4གནའ་བོའི་ལོ་མའི་གྲགས་ཆེན་སྙན་ངག་པ་དང་རྩོམ་རིག་གི་སྐྱོན་ཡོན་བརྗོད་པ་པོ་ཧོ་ལ་སིས<<སྙན་ངག་རིག་པ་དང་སྙན་ངག་གི་སྒྱུ་རྩལ>>ལས/སྙན་ངག་པའི་འདུན་པ་ནི་མི་རྣམས་ལ་ཕན་ཐོག་པ་དང་དགའ་སྣང་སྟེར་རྒྱུ་དེ་ཡིན་པ་དང༌།ཁོ་བོའི་བརྩམས་ཆོས་ཀྱིས་མི་རྣམས་ལ་སྤྲོ་སྣང་སྦྱིན་པ་དང་ཆབས་ཅིག་འཚོ་བར་རོགས་རམ་ཡོང་བ་བྱ་རྒྱུ་དེ་ཡིན/ཞེས་བརྩམས་ཆོས་གང་ཡིན་ཡང་མཐར་ཐུག་གི་རིན་ཐང་སྔོན་དུ་གླེང་སྟེ་དམིགས་བསལ་གྱི་ཕུགས་བསམ་ཕྱིར་མངོན་པར་བྱེད་ལ།བུད་མེད་སྙན་ངག་པ་གཟུངས་ཕྱུག་སྐྱིད་ཀྱིས་ཀྱང་དང་པོ་ང་ཚོ་ཕ་ཡུལ་དུ་ཁྲིད་ཅིང་མཐའ་མཇུག་ཕ་ཡུལ་ནས/བསམ་གཞིགས/ཀྱི་གཟུགས་སུ/ནམ་མཁའ/བཀོད་ནས།ནམ་མཁའ་ལྟ་བུའི་ང་ཚོའི་བསམ་གཞིགས་ཀྱིས་སྒྱིད་ལུག་དང་བག་འཁུམས་ཀྱི་ལྟ་བ་རིང་དུ་དོར་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཉམས་མྱོང་ཤུགས་ཀྱིས་བསྡུ་ལེན་བྱེད་པའི་རྗེས་དཔག་གི་ཚོར་བ་ཕྱིར་མངོན་ཡོད་ལ།གོང་དུ་གླེངས་ཟིན་པའི་བརྩེ་བ་དང་འཛུམས་མདངས་ཀྱི་ཆེད་དུ་ང་ཚོ་ཕ་ཡུལ་དུ་ལོག་དགོས་པའི་སྤྱི་མཚན་དེ་ཡང་གསོན་ཉམས་ལྡན་ཞིང་ལྟ་ན་སྡུག་པའི་སྣང་བརྙན་ཞིག་ཏུ་བསྐྲུན་ཡོད།
དྲུག།མཐའ་མཇུག་གི་སྤྱི་བསྡོམས།
ང་ཚོས་ཆོས་ལུགས་གྲུབ་མཐའ་དང་ཡུལ་ལུང་བྱེ་བྲག་གི་འཐེན་འཁྱེར་སྤང་ཏེ།མི་རིགས་ཀྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་སྙིང་སྟོབས་ལྡན་པའི་རྩོམ་ཡིག་ལ་གདེང་འཇོག་བྱེད་འོས་པར་མཐོང་ལ།དེ་ལྟ་བུའི་རྩོམ་ཡིག་གིས་ད་གཟོད་སྤྱི་ཚོགས་ལ་ཞབས་ཞུ་དང་ཡར་རྒྱས་ཀྱི་ལམ་སྣ་འདྲེན་ཐུབ།དེ་མིན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཤིན་ཏུ་དར་བའི་གཅིག་གིས་གཅིག་ལ་དགག་ཡིག་དང་དགག་ལན་དུ་འདོད་པའི་བསལ་བསྒྲགས་ཡིག་ཆ་ཞིག་ལས་མི་བརྒལ་བའི་རྩོམ་ཡིག་སྤེལ་སྟངས་དེ་ལ་ཡར་རྒྱས་ཟེར་དཀའ་ཚོད་དུ་སྣང༌།ཡིན་ནའང་སྐྱོན་བརྗོད་ཞུ་འོས་པའི་རྩོམ་ཡིག་ལ་ཐེར་འདོན་དང་གདེང་འཇོག་ཞུ་འོས་པ་ལ་བསྟོད་བསྔགས་བྱེད་དགོས་པ་ནི་ཆོས་ཉིད་དུ་གྲུབ་ཡོད་ལ།སྐྱོན་ཡོན་ལ་ཚད་གཞི་མེད་པ་ནི་སྤྱི་ཚོགས་ལ་ཁ་ཕྱོགས་མེད་པའི་དན་རྟགས་སུ་འཁུམས།ཁ་ཕྱོགས་མེད་པའི་རྐྱེན་གྱིས་ང་ཚོའི་སྤྱི་ཚོགས་ཁྲོད་བོད་ཀྱི་རིག་གཞུང་གི་ཕྱུག་ཚད།དང་གངས་ལྗོངས་གསེར་རིའི་ཕོ་བྲང་པོ་ཏ་ལ་ཞེས་པ་ལྟ་བུའི་དཔེ་དེབ་ཁ་ཤས་ཤིག་ཐོན་པ་རེད།དེའི་ཕྱིར་ང་ཚོས་ངན་པར་ཆད་པ་མ་བཅད་ན་སྐྱག་ལངས་དང༌།བཟང་པོར་དཔའ་དར་མ་འཐེན་ན་སེམས་ཤུགས་ཆག་པའི་གནས་ལུགས་ཀྱི་ཚད་གཞི་ཏན་ཏན་འཛིན་འོས་པར་སྣང་ངོ།།
ད་ཐེངས་གུས་པོས་བུད་མེད་སྙན་ངག་པ་གཟུངས་ཕྱུག་སྐྱིད་ཀྱི་སྙན་དེབ་འཇགས་མི་སྲིད་པའི་བཞུར་རྒྱུན་ཞེས་པ་ལས་ཕ་ཡུལ་ན་ཞེས་པའི་སྙན་ཚིག་ཐུང་ངུ་འདི་བདམས་ཏེ་ཕྲན་དཔྱད་བགྱིས་ཁུལ་ཙམ་ཡིན་ལ།རྗེས་སོར་མུ་མཐུད་དུ་བཙན་བྱོལ་ཁྲོད་ཀྱི་སྙན་ངག་ལེགས་གྲས་ཁ་ཤས་བདམས་ཏེ་ཕྲན་དཔྱད་ཀྱི་ཚུལ་དུ་ཀློག་པ་པོ་རྣམས་ཀྱི་སྦྱན་ལམ་དུ་བསྟར་ངེས་ཡིན་ཞེས་ཞུ་བ་དང་ཆབས་ཅིག་མ་རྟོགས་ལོག་རྟོག་གི་ཆ་ལ་དགོངས་འཆར་སློང་བ་ཞུའོ།།
ཟུར་ལྟའི་དཔྱད་གཞི་ཁག་གི་མཚན་བྱང།
<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>95_3
2<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>94_2  པར་གསལ།
3<<བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད>> P.259པར་གསལ།
4གོང་མཚུངས།
5<<བོད་ཀྱི་རིག་གཞུང་གི་ཕྱུག་ཚད>>དོར་ཤུལ་རྒྱ་མཚོས་བརྩམས།
6<<གངས་ལྗོངས་གསེར་རིའི་ཕོ་བྲང་པོ་ཏ་ལ>>ཀ་ཐོག་དངོས་གྲུབ་བསོད་ནམས་ཀྱིས་བརྩམས།

འགྱུར་ཁུགས་ཤིག
1སྙན་ངག་འཚོའི་མ་ཡུམ་ལ་ཕུལ་བ།
ཞི་བདེ་མེ་ཏོག ཙོང་ཁ

བྱམས་པ་དང་སྙིང་རྗེས་ཡི་འོད་སྣང་འཚེར་ལ།  ལང་ཚོ་ཡི་མེ་ཏོག་བཞད་པའི་ཤེས་རིག་གི་ཕ་ས་འདིའི་གྲོང་ན།
དོ་ནུབ་ང་གཅིག་པུ་ཡིནཁུ་སིམ་མེར།  སྙན་ཚིག་ལས་ཁྱེད་ཀྱི་སེམས་ཁམས་ལ་ཉན་བཞིན་ཡོད། ཉན་གྱིན་ཉན་གྱིན།  མྱངས་ཀྱིན་མྱངས་ཀྱིན། ལྷིང་འཇགས་ཀྱི་མཚན་མོའདིར།  འགྲོ་ས་དང་སྡོད་ཡུལ་མེད་པའི་འཁྱམས་པོ་ངས་འགྱུར་ཁུགས་ཤིག་ཐོས་བྱུང༌། དྲན་གདུངལྟ་བུའི།  སྙན་ངག་ལྟ་བུའི།  རྒྱང་རིང་གི་ཤམ་པ་ལརཕྱོགས་པའི་འགྱུར་ཁུགས་ཤིག་ཐོས་བྱུང༌། རྩྭ་ཐང་གི་དཔའ་མོ་ལགས།  ཁྱེད་ཀྱིས་ཤོད་དང༌།  རྒྱང་ལ་གཤེར་བའི་གཞའ་ཆུང་དེ་ཁྱེད་ཡིན་ནམ།  ཁྱེད་ལྟར་ཡིད་དུ་འོང་ཞིང་སྦྲང་པོ་གང་གི་ཡིད་ཀྱི་མུན་པ་སེལ་ཨང༌།

ཁྱེད་ཀྱིས་རྩྭ་ཐང་ནས་མེ་ཏོག་རེ་འཐུ་བཞིན། གླུ་ཆུང་རེ་ལེན་བཞིན་སྙན་ཚིག་གི་མགུལ་རྒྱན་ཞིག་སླེ་བཞིན་གང་དུ་བསྐྱོད།  /གཙང་པོ་ནི་ཁྱེད་ཀྱི་ཚེ་སྲོག་གི་འབྱུང་ཁུངས་དང༌། གནམ་འོག་གི་བདེ་སྐྱིད་ཡིནཔ་བདེན་ན། བདག་གིས་ཤེས་ཏེ། /གངས་དཀར་གྱི་སྤོབས་པ་གླུ་རུ་གྱེར་ཞིང་ས་ཆེན་གྱི་འབྱོར་ཕྱུག་གཡང་དུ་འགུག་གཞིན།  གཅོང་རོང་དང་བཙན་རྫོང་བརྒལ་ནས/རྒྱང་ལ་བཞུར་མཁན་དེ་ཁྱེད་རང་མ་ཡིན་ནམ། མུན་པའི་རྫི་བོཡི་ལས་སྐུལ་ཐོད་ལ་བླངས་པའི་གངས་ལྗོངས་ཀྱི་གླུ་མ་ལགས།
མཐོང་བྱུང་ངམ།  ནམ་ཟླ་སྐྱ་བོའིདབང་གིས་ན་ནིང་དོ་ཚིགས་སྒོ་ཞིང་གྲུ་བཞིའི་སྟེང་ན་ལོ་ལེགས་ཀྱི་སྙེ་མ་མེད་ལ། སྙིང་རྗེ་བྲལ་བའི་མཚོན་ཆས་རྩྭ་ཐང་གི་བུ་མོའི་བྲང་གཞུང་ལ་བསྣུན་དུས། ན་བུན་འཐིབ་པའི་རྩྭ་ཐང་ནི་ལང་ཚོའི་མཛེས་སྡུག་མཐོང་དཀོན་པའི་འཁྱམ་པོ་ངའི་དེ་རིང་གི་ངོ་མདངས་དང་ཧ་ཅང་མཚུངས་ཨང༌།
འཚོ་བའི་བསླུ་བྲིདདམ་ཡང་ན་ངག་གི་སྒོ་མོ་ཕྱེ་དཀའ་བ་ཡང་ཡིན་ཡང༌།  ན་ནིང་དོ་ཚིགས་རྒོད་པོ་དག་སྔ་རྗེས་སུམགྲོན་པོབཞིན་འཕུར་སོང༌། རྒོད་པོ་འཕུར་ཤུལན་ང་དང་བྲག་ཐེམ་སྐྱ་བོའི་ལས་དབང་ཅི་འདྲའི་གཅིག་ཨང༌།  འདི་ལྟར་སྐྱོ་བ་སངས་དཀའ་དུས། ང་ཚོ་རང་དབང་མེད་པར་སྣག་ཤོག་ལ་མཛའ་བོ་བཞིན་ཧམ་སེམས་ཀྱིས་འཁྱུད་པའང་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་ཡིན་ཨང༌།
དངོས་ནས་བདེན་ཏེ།  ཕ་ཡུལ་གྱི་དྭངས་གཙང་རེག་དཀའ་བའི་གྲོང་ཁྱེར་ཆེན་མོ་དང་རྒྱ་མཚོའི་ཕ་མཐའ་སོགས།  ཕྱི་རོལ་གྱི་གནས་ཡུལ་རེ་རེ་འགྲིམས་དུས། འཇགས་མི་ཐུབ་པའི་ཟུག་གཟེར་ཆེན་མོ་ཞིག་ཡང་ནས་བསྐྱར་དུ་རོ་ལངས་རྒྱག་ཅིང༌།  རང་སེམས་ལས་ཅི་ཡང་མེད་པའི་ང་ཚོསསྨུག་སྤྲིན་གྱི་གྲོང་ཚོདངཨ་མའི་སྨོན་ཚིག)(སྡེ་ཆེན་པོགྲོང་གི་རྩེད་ཡ་དགོད་གྲོགས་ཚོ་བརྗེད་མི་སྲིད་ལ། དུས་ཀྱི་འཁྱག་རླུང་ཁྲོད་ན། འདར་ལྕུག་ལྕུག་བྱེད་པའི་ཕ་མ་སྤུན་ཟླ་ཚོ་ཡང་དྲན་ངེས་པས། ཕ་ཡུལ་ལ་སེམས་པ་གཏད་ནས་ང་ཚོས་ནམ་ཡང་གླུ་རེ་བླངས་ཆོག་ལ།  སྙན་ཚིག་རེ་བྲིས་ཆོག
དེ་རིང་སྟེ། གློག་འཕྲུལ་གྱིས་གནམ་ས་གཡོ་བའི་དུས་རབས་ཉེར་གཅིག་གི་མཆོང་བསྐྱོད་ཁྲོད།  གཟེབ་ནང་གི་བྱེའུ་ཆུང་དག་གང་དུ་འཕུར་ཨང༌།  མཚམས་མཚམས་སུ། སེམས་ཁོང་དུ་མིན་པ་འཐིབ་ཤིང༌།  གྲང་རེག་བཟོད་དཀའ་ནའང༌།  ང་ཚོ་ལཡུམ་ཆེན་མའིདྲོད་ཁོལ་ཡོད།  འཇགས་མི་སྲིད་པའི་བཞུར་རྒྱུནཡོད། ད་དུང་ཙོང་ཕྲུག་ལྟར་སྐྱེས་པའི་སྙན་ངག་འཚོ་ཡོད།   བྲེལ་ཤ་སློང་བའི་སེམས་དང་རྨི་ལམ་ཡོད།  ད་དུང་་་་་་་་་་དེ་བས་ཁྱེད་ཀྱིས་རྟག་ཏུ་བརྩེ་བ་འཕྱོ་བའི་གླུ་རེ་ལེན་པར་མཛོད་དང༌། ང་ཚོ་ནམ་ཡང་རྒྱང་རིང་ལ་བཞུར་ཆོག
དེ་ལྟར་ དོ་ནུབ།  སྙན་ངག་དེས།  སྒྲ་དབྱངས་དེས་ངའི་སེམས་པར་ཁ་དོག་ཟབ་མོ་ཞིག་བརྐོས་ཤིང༌། སྙན་ངག་དེ། སྒྲ་དབྱངས་དེ་ལས་ངས་གངས་ལྗོངས་ཀྱི་མཛངས་མ་ཞིག་གི་སྙིང་གི་སྟིག་སྒྲ་ཐོས་ཤིང་རྒྱང་བསྐྱོད་ཀྱི་སྤོབས་པ་མཐོང༌། སེམས་རྒྱ་མཐོང༌། ན་ཟུག་དང་རྨི་ལམ།  བདེ་སྡུག་མཐོང༌།  མ་ཡིན་ནམ། གཟིགས་དང་ །    གངས་ལྗོངས་ཀྱི་བུད་མེད་ལམ་ལ་ཆས་བྱུང༌།   དོ་ནུབ།  ཁེར་རྐྱང་གི་ངས་རྒྱང་རིང་ནས་འགྱུར་ཁུགས་ཤིག་ཐོས་པས། ནམ་གུང་དུ་ཁ་རོག་གེར།  ངས་ཀྱང་འགྱུར་ཁུགས་ཤིག་ཐག་རིང་ལ་བསྲིངས
1སྙན་ངག་འཚོའི་མ་ཡུམ་ཟེར་བ་ནི<<བྱུ་རུའི་ལས་དབང>>རྩོམ་མཁན་གཟུངས་ཕྱུག་སྐྱིད་འབོད་པ་དེའོ།
2001 8 6གི་མཚན་མོར།            

<<བྱུ་རུའི་ལས་དབང>>གིས་བྱིན་པས་དམིགས་བསལ་ཚོར་བ།
ལན་གྲུ  བཀྲ་ཤིས་རྒྱལ།
ལོ་ངོ་འགའི་ཡར་སྔོན་དུ<<བྱུ་རུའི་ལས་དབང>>གིས་ན་ཟུག་གིས་གཅིར་བའི་བསམ་བློ་ཞིག་དང༌། བརྩེ་དུང་གིས་བཅིངས་པའི་སེམས་གསོ་ཞོག ད་དུང་རང་དབང་དང་རྗེས་སྙེག་གི་བློས་བསླངས་ཤིག་གི་སྔོན་འགྲོ་དྲུད་ནས་ང་ཚོའི་མཐོང་སྣང་དུ་སླེབས་འོངས།  དེ་ནི་རང་ལོ་ཉེར་ལྔར་མ་སོན་པའི་ཁྱིམ་ཐབས་མ་ཞིག་གི་དཀའ་སྡུག་གི་བཞུད་ལམ་ལས་ཐོན་པའི་སེམས་གསོ་ཞིག་དང༌། འགྱུར་མེད་ཐེར་ཟུག་གི་དད་འདུན་གྱིས་བཏེགས་པའི་སེམས་ཁོང་གི་སྣང་བ་ཕྱི་རུ་ལུད་པའི་མངོན་སྟངས་ཤིག་རེད། སྐབས་འདི་ནས་ངས་རང་ སེམས་ལ་དྲན་་ཚུལ་ཞིག་གི་མེ་ཁ་གསོས་ཏེ་ཁོ་མོའི་བརྩེ་དུང་གི་འཇིག་རྟེན་ནས་ལྷད་མེད་དྭངས་གཙང་གི་སེམས་གཞས་ཤིག་འཚོལ་འདོད་ཀྱི་འདུན་པ་ཤར་མར་བྱོ་འདོད། སྤྱིར་བཤད་ན།  ཁོ་མོའི་སྙན་ངག་ལས་མཐོང་སྣེ་མི་གཅིག་པའི་བསམ་བློའི་ཆ་མངོན་ཡོད་ལ།  དྲན་གདུང་དང་རེ་སྒུག་གིས་གཙེས་པའི་གནོན་ཐབས་བྲལ་བའི་བརྩེ་དུང་གི་ཆ་མངོན་པ་འང་ཡོད།འདི་གཉིགས་ཀྱི་གང་ཡིན་ཡང་ཡུལ་སྙན་ངག་རང་སྟེང་ན་དགེ་མི་དགེ་ཡི་རྣམ་གཞག་མེད་པར་ཡུལ་ཅན་རྩོམ་པ་པོ་རང་ཉིད་ཀྱི་ཚེ་སྲོག་གི་མྱོང་རྟོག་ལ་བརྟེན་ནས་བདམས་གསེས་བྱེད་རྒྱུ་ནི་ཤུན་ཏུ་གལ་ཆེ་བར་མཐོང༌། ལར་འཇིག་རྟེན་སྤྱི་ངོས་ནས་གླེང་ན་ཡང༌།  ཕོ་གཤིས་ནི་བརྗིད་ཅིང་དྲག་ལ་བསམ་བློའི་ཆ་དེ་ལ་མཉམ་འཇོག་གི་འདུ་ཤེས་ལྕི་བ་ཞིག་རེད་ལ།  མོ་གཤིས་ནི་འཇམ་ཞིང་དུལ་ལ་བརྩེ་དུང་གི་ཆ་དེ་ལ་བློ་གཟུར་བའམ་དོ་ཁུར་གྱི་འདུ་ཤེས་ལྕི་བ་ཞིག་རེད། ངས་བལྟས་ན་གཟུངས་ཕྱུག་སྐྱིད་ལ་མཚོན་ན་ཡང་སྔ་མ་བསམ་བློའི་ཆ་ན་དགེ་ཆེན་པོ་ལོན་མེད་པ་ཡིན། རྒྱུ་མཚན་ནི་མོའི་སྙན་ངག་ཏུ་མཐོང་སྣེ་མི་གཅིག་པའི་བསམ་བློ་སིལ་བུ་བ་མང་པོ་ཞིག་བྱུང་ཡོད་ན་ཡང་དེ་ནི་ཆེས་རགས་པའི་ཕྱི་ངོས་ཀྱི་སྣང་ཚུལ་ཙམ་ལས་བསམ་བློའི་གཏིང་རིམ་ན་གནས་པའི་དེ་ཉིད་དེ་སྟོན་ཐུབ་ཀྱི་མེད།བསམ་གཞིགས་ཀྱི་ཁྱེད)(ཨ་ཕ་ང་གནས་ལ་མི་འགྲོ)(དབྱངས་ཅན་མ)(ཁ་བའི་རྨི་ལམ)(བར་ཐག་གི་བསམ་གཞིགས)(འཚོ་སྟངས་གཞན་ཞིགསོགས་ཀྱིས་མཚོན་པའི་བསམ་བློའི་ཆར་གཏོགས་ཀྱི་སྙན་ངག་གང་ག་བལྟས་ཀྱང་དུས་རབས་ཀྱིས་ཟིན་པའི་ཚོར་བ་ཡིན་ནའང་འདྲ། ཕྱི་ངོས་ནས་མཐོང་བའི་དབུལ་ཕོངས་ཀྱི་སྣང་ཚུལ་ཡིན་ནའང་འདྲ། བརྩེ་དུང་གི་རང་དབང་ལ་དམའ་འབེབས་པའི་སྣང་བ་ཡིན་ནའང་འདྲ། ཡོད་ཚད་ཕྱི་ངོས་ཀྱི་བརྡ་འཕྲིན་ཆིག་རྐྱང་བ་ཞིག་གི་ལམ་ནས་ངོ་སྤྲོད་པ་ཙམ་ལས་དེའི་ནང་གནས་ཀྱི་རིག་གནས་རྒྱབ་ལྗོངས་མཐུག་པོ་དེར་སེན་འབྲད་ཙམ་ཡང་བྱེད་མ་ཐུབ་པས་ངའི་ཡིད་ཅིས་ཀྱང་མི་ཚིམ།  སྙན་ངག་པའི་གསོབ་རྫུ་ལྷུར་ལེན་བྱེད་པ་དག་ལས་ཚད་མཐོ་བའི་རེ་བ་ཞིག་དང་ཤ་ཚ་བའི་གྲོས་འདེབས་ཤིག  ཡིན་ནའང༌།ཁོ་མོས་ཀྱང་འདིའི་ཕྱོགས་ནས་དགེ་མཚན་སྔོག་འདོན་བྱེད་རྒྱུར་དེ་འདྲའི་འབད་པ་མ་བྱས་པར་ཕྱི་མ་རང་གི་དགེ་མཚན་དེ་རང་སྟེང་ལ་ལྷུར་ལེན་བྱས་ཡོད་པས་རང་གི་ཐུན་མོང་མ་ཡིན་པའི་སྙན་ངག་གི་གདངས་དབྱངས་གྲུབ་པ་ཡིན།  འདིའི་སྟེང་ནས་བལྟས་ན་གཟུངས་ཕྱུག་སྐྱིད་ལ་རང་གི་རྩོམ་སྟེགས་སྟེང་ན་རང་ལ་མངའ་བའི་འབྱོར་ཕྱུག་ཅིག་ཅིས་ཀྱང་ཡོད་ངེས་ལ། ཀློག་པ་པོ་མང་པོ་ཞིག་དགའ་མགུ་བྱེད་པའི་གནད་དམ་པ་ཡང་འདིའི་སྟེང་ན་ཡོད། དེར་བརྟེན་འཇིག་རྟེན་གྱི་བགྱི་བ་མ་ལུས་ལེགས་ཉེས་ཡག་བཙོག་དང་མཉམ་བགྲོད་མཉམ་འདུག་ཡིན་པར་བསམ་བློ་རེ་འཁོར་ན་དེ་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་ལས་མི་རུང་བ་ཞིག་གཏན་ནས་མིན།  གལ་ཆེ་བ་ནི་སྐྱོན་གྱི་གྲངས་ཀའི་ཆེ་ཆུང་ཡིན་པ་ལས་སྐྱོན་ཕྲན་ཙམ་ཡོད་པས་གཡུགས་དགོས་དང༌། དགེ་བཟང་ཙམ་ཡོད་པས་མཇལ་དགོས་ཟེར་བ་འུ་ཚོ་རྩོད་སྒྲུབ་ཀྱི་ལྟ་བ་མེད་པ་དག་གི་མཚང་མ་ཡིན་ནམ། ག་ལེར་བསམ་ན༌།མོའི་སྙན་རྩོམ་སྔ་མ་ལས་ཕྱི་མ་གཟེངས་དུ་མཐོ་བའི་སྣང་བ་བཙན་པོ་ཞིག་གིས་རང་ཉིད་ཀྱི་མོས་འདུན་དང་རང་ཉིད་ཀྱི་རྗེས་སྙེག  རང་ཉིད་ཀྱི་དུངས་པ་སོགས་ཕོ་མོའི་ཤིགས་མེད་ཀྱི་མཛའ་སེམས་དང་དྲན་གདུང་གི་སྣང་བ། རེ་སྒུག་དང་ཡིད་སྨོན་གྱིས་བསྐྲུན་པའི་བརྩེ་དུང་གི་འཇིག་རྟེན་ཞིག་ནས་མངོན་པར་བྱས་ཡོད། ཁྲུང་ཁྲུང་དཀར་མོ)( ཁྱེད་ཀྱི་གཙང་འགྲམ་ན  ཟླ་བའི་འཇིག་རྟེན ལྷ་བྱ་ཁུ་ལོ ལུག་ཁྱུ་དཀར་པོ་   ད་དུང་ཁྱེད  ཡུ་མོ་ཁ་སྐྱ་མ ཕ་ཡུལ་གྱི་ཀུན་དགའ་རོལ་མཚོ  དགུན་ཟླ་ལྗང་ཁུསོགས་ཀྱིས་མཚོན་པའི་ཡིད་སེམས་ནས་ཁེགས་མེད་ཤར་གྱིས་བཞུར་འོངས་པའི་བརྩེ་དུང་གི་ཞུན་ཐིགས་རེ་རེས་རང་ཉིད་ཀྱི་སེམས་ཁོང་གི་གནོན་ཐབས་བྲལ་བའི་བརྩེ་བ་ངོ་མ་དེ་ཕྱི་རུ་ཕུད་ཡོད། མོའི་དུང་པ་དེ་ནི་རླུང་འཚུབ་ཀྱི་གྱིལ་རྒྱག་བྱེད་པའི་སྲུབས་ཀ་ནས་བརྡོལ་འོངས་པ་ལྟ་བུ་ཞིག་མ་ཡིན་པར། འཇམ་མཉེན་ཡང་ཟོར་ལྡན་པའི་མིང་ཚིག་གི་བར་གསེང་རེ་རེ་ནས་དལ་གྱིས་བཞུར་འོངས་པས་སྙན་ངག་རང་སྟེང་ན་འཇམ་མཉེན་ནེམ་གཤིན་གྱི་ཁྱད་ཆོས་འཛོམས་པོར་ཡོད་ལ། དེར་རང་གི་གཤིས་ཉམས་ཀྱིས་ཐག་བཅད་པའི་འཚོ་བའི་བཀྲག་མདངས་ཀྱིས་རྣམ་པར་ཕྱུག་ཡོད། //གནས་འདི་ནས་མཚན་མོ་ཞིག་གམ་ཡུལ་ལྗོངས་ཤིག་གི་མིག་ཆུས་ཁྱེད་ཀྱི་ཁ་དོག་དང་རྒྱང་བཞུད་རིང་མོ་བསྐྱར་དུ་བྲིས་ཤིང་/  དགུ་ཚིགས་ལ་བཏབ་པའི་སྐར་ཚོགས་ཀྱང་དེ་ལྟར་བཞུརཞེས་པའམ།  རེ་སྒུག་དུ་མའི་ཕ་རོལ་ནས/  ཟླ་བའི་ལོ་མ་ཁུ་བྱུག་གིས་འདེགས་བཞིན སྐར་མའི་བློས་བསླངས་མེ་ཏོག་གིས་དཀྲོག ང་རང་ སྒེའུ་ཁུང་ནས་མཇལ་བའི་ཟླ་བ་དང་ལྷན་དུ/  མཚན་མོའི་མཁའ་དབྱིངས་སུ་སྤྲོ་གསེང་གིས་ཕྱིན་ཡང་འཇིག་རྟེན་འདི་དོག་པའི་དབང་གིས/  ངས་སུ་ཞིག་གི་རྡོག་སྒྲ་མ་ཐོས/  ཞེས་རང་གི་ནང་སེམས་ཀྱི་ཕྲ་ས་ནས་བརྡོལ་བའི་དྲན་སྣང་དེ་ཕྱི་རོལ་གྱི་ཡིད་གཟུགས་སྟེང་ལ་འཕོ་བར་བྱས་ཏེ་སླར་ཡང་རང་གི་འདོད་འདུན་དེ་ཉིད་བཅོས་མིན་དུ་སྟོན་པ་ཞིག་ལས་དྲན་པའི་འོ་དོད་འདོན་པའི་སྨྲེ་ངག་གི་ཤུལ་ཙམ་ཡང་མཐོང་མི་ཐུབ།  འདི་ལས་ཆེས་སྙིང་དུ་སྡུག་པའི་མཛེས་ཆོས་རྣལ་མ་ཞིག་གི་སྒོ་གླེགས་ང་ཚོར་ཕྱེས་ཡོད། འདི་ལྟར་བལྟས་ན་མོའི་སྙན་ངག་ལ་དྲག་པོའི་དཔུང་གིས་བསྒྱུར་པའི་རྩུབ་ཆ་མེད་ལ། རང་སེམས་རྦ་རུ་འཕྱོ་བའི་འཁྲུག་སློང་ཡང་མེད་པར་ལྷོད་འཇམ་བག་ཕེབ་ཀྱི་བསམ་གཞིགས་ཁྲོད་ན་བརྩེ་དུང་གི་སྣང་བ་མེ་རུ་སྦར་བའི་མོ་གཤིས་ཀྱི་མཛེས་པ་ཞིག་འཐུལ་གྱིན་ཡོད་པས། མོའི་སྙན་ངག་གི་མཛེས་པ་དེ་མོ་རང་ཉིད་ཀྱི་གཤིས་སུ་གྲུབ་ཡོད་ཅེས་ནའང་མི་ཆོག་རྒྱུ་མེད། གཞན་དུ་ན། རྩོམ་ཡོངས་ཀྱི་སྟེང་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་གཞན་སྐད་ཀྱི་ཤན་མ་ཤོར་བར་བོད་གཉུག་མའི་སྐད་ཆའི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་ཡོད་པ་དེའོ།
<<མཚོ་སྔོན་བོད་ཡིག་གསར་འགྱུར>>སྟེང་དུ་བཀོད།
སྙན་ངག་རྨ་ཆེན་གངས་རི་ལ་དཔྱད་པ།
                                ཚེ་གྲུབ། ཟི་ལིང
རྨ་ཆེན་གངས་རི་ནི་སྙན་ངག་གི་འཇིག་རྟེན་ཞིག་དང༌། རང་བྱུང་ཁམས་ཀྱིས་མི་ཡུལ་ལ་ཕུལ་བའི་འགྲན་མེད་ཀྱི་སྒྱུ་རྩལ་ཞིག་ལས་གཞན། /ས་བཅུ་བ་ཐོབ་པའི་ཨ་མྱེ་རྨ་ཆེན་ཞེས་མི་ཡུལ་གྱི་ཡུལ་ལྗོངས་དེར་གཟུགས་མེད་ཀྱི་སྲོག་དབང་ཞིག་ཕུལ་བས།  དེ་ནི་མཆོད་ཡུལ་ཞིག་དང༌།  སྙིང་སྟོབས་ཤིག  སྤོབས་པ་ཞིག་ཀྱང་རེད།  གཟུངས་ཕྱུག་སྐྱིད་ཀྱི་སེམས་རྒྱ་ཡངས་པོའི་སྨྱུག་འོག་ལས་ང་ཚོར་གནས་རི་དེར་ཕྱོགས་གཞན་ཞིག་ནས་རོལ་མྱོང་བྱེད་པའི་ཐབས་ལམ་བསྟན་བྱུང༌།
/རྨ་ཆེན་གངས་རི།  བདག་གི་མཁའ་དབྱངས་མཐོན་པོར་འདེགས་པའི་ཀ་བ་ཇི་བཞིན།  /་་་་་་་/ ངས་རྒྱུ་སྐར་འཁྲུགས་པའི་མཚན་ལྗོངས་ཤིག་གི་མཛུབ་རྩེ་ནས་ཁྱེད་ཀྱི་འཛུམ་མདངས་རྙེད/ཅེས་མོ་རང་ཉིད་ཀྱིས་དངོས་སུ་གནས་རི་དེར་ཡུལ་སྐོར་བྱེད་པ་དང་མིག་གི་སྤྱོད་བྱར་མ་གྱུར་ཀྱང༌། དེར་ཡུན་རིང་སྨོན་པ་དང་བརྗོད་འདུན་ཞིག་གི་རྟེན་གཞིར་བསླངས་ཡོད་ཕྱིར།  སྐབས་འདིར་རང་ ཚོར་དུ་གནས་རི་ཞིག་གི་ཡུལ་བཀོད་ལ་ཡིད་སྤྲུལ་ལས་བྱུང་བའི་སྤྲོ་སྣང་ཙམ་དུ་མ་བསྒྱུར་པར། རང་སེམས་ཀྱི་སྤོབས་པ་ཞིག་གི་སྔོན་འགྲོ་རུ་བསྒྲིགས་པས་སྙན་ངག་ལ་ཡིད་ཡུལ་ཆེན་པོ་ཞིག་གིས་རམ་འདེགས་ཐོབས་པས།  མི་སེམས་ལ་ཚོར་སྣང་གསར་བ་ཞིག་སྟེར་བར་མ་ཟད། རྩོམ་མཁན་གྱི་སྤོབས་གདེང་དེའང་རང་ག་བའི་མོ་སྨན་ཞིག་གི་སེམས་འགྱུ་མིན་པས། ཀློག་མཁན་གྱི་ཐོག་མའི་ཚོར་སྣང་དུའང་ཡུལ་བཀོད་ཅིག་གི་བརྗིད་སྣང་ཞིག་དང༌།  སེམས་ཁམས་ཤིག་གི་རང་གཟུགས་དེ་རྩོམ་མཁན་དང་འདྲ་བར་ང་ཚོས་རང་འགུལ་དུ་མཐོན་པོར་བཏེགས་པའི་ཡིད་ཡུལ་དེ་ལས་མཐོང་ཐུབ་པ་ཡིན།
/རྨ་ཆེན་གངས་རི།   བགྲང་བྱ་ཁྲི་ཕྲག་གི་སྦས་སྐུང་ཟབ་མོ་ཁྱེད་ཀྱི་རྫ་སྲུབས་ནས་འཕྱུར་ཞིང༌།  /་་་་་་/ཁ་བའི་དར་རྒུད་ཀྱི་རྨ་ཁ་ང་ཡི་རུས་གཏིང་ནས་རིམ་བཞིན་འཕག སྤྱིར་ཡུལ་ལྗོངས་ཤིག་ལ་བརྟེན་ནས་རང་གི་ཚོར་འདུ་བརྗོད་པའི་སྙན་རྩོམ་མང་ཆེ་བ་ཞིག  ཐོག་མར་ལྗོངས་དེའི་ཡུལ་བཀོད་ཀྱི་རྣམ་པ་དང་གནས་ཡུལ་སོགས་བརྗོད་པ་བརྒྱུད་དེ།   རང་གི་ཚོར་འདུ་ཅི་རིགས་ཕྱིར་མཚོན་པ་ཞིག་ཡིན་ཀྱང༌།  སྙན་རྩོམ་འདི་དེ་ལས་ལྡོག་སྟེ་རང་གི་རྟོག་སྣང་་ཁྲོད་བསླངས་པའི་གནས་རི་དེ་ལ།  ཕྱིའི་རྣམ་པའི་ཐད་ནས་སྤྲོས་བརྗོད་ཅི་ཡང་མི་བྱེད་པར།  རང་སེམས་ཀྱི་སྤོབས་གདེང་ ཞིག་ལས་བསླངས་པའི་ཚོར་འདུ་དེ་ཡུལ་དུས་ཀྱི་བཀག་རྒྱ་ཞིག་ལས་བརྒལ་ཏེ།  རང་སེམས་ཀྱི་བརྗོད་འདུན་ནམ་ཕུགས་རེ་དེས་རྨ་ཆེན་གངས་རི་རང་གི་སེམས་སྟོབས་ཤིག་ལས:ས་བཅུ་བའི:ཟིལ་ཤུགས་བྱུང་བས།  ང་ཚོས་མཐོང་བ་ནི་གཏན་ཆགས་ཀྱི་གངས་རི་ཞིག་མིན་པར།  རང་སེམས་ཀྱི་བློ་སྦྱོང་ཞིག་ལས་མངོན་པའི་སྙིང་སྟོབས་སམ་སྤོབས་པ་ཞིག་གི་རྟེན་གཞིར་གྲུབ། མོ་སྨན་ཞིག་ལ་འདི་ལྟ་བུའི་སྤོབས་པ་ དང༌། རང་སྦྱོང་གི་ལམ་བུ་ཙམ་བརྒྱུད་ནས་འོངས་པའི་སྙན་ངག་མཁན་དེར་འདི་ལྟ་བུའི་སྒྱུ་རྩལ་གྱི་ཚོར་བ་ལྡན་པ་ལ་ང་ཚོས་ཡི་རངས་ཅིས་མི་བྱེད།
བོད་ཡུལ་ལ་མཚོན་ན་རིག་གནས་དང་རང་བྱུང་ཁོར་ ཡུག་གི་དབང་གིས་རྨ་ཆེན་གངས་རི་ལྟ་བུ་ཕར་ ཞོག  ཐ་ན་སྡེ་བའམ་ཚོའི་གནས་ཡུལ་གྱི་རི་ཕྲན་ཙམ་ལའང་བསམ་ཡུལ་ལས་འདས་པའི་དཔའ་བོའི་བྱུང་བ་བརྗོད་ པའི་ལོ་རྒྱུས་རེ་ཡོད་ངེས་ལ།  དེ་དག་ནི་རྨོངས་དད་རྐྱང་རྐྱང་ཞིག་ཏུ་ངོས་འཛིན་བྱེད་པ་ ནི་རྨོངས་དད་གཞན་ཞིག་ཡིན།  འགྲོ་བ་མིའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་བསམ་གཞིག་རེ་བྱས་ནའང༌།  དེང་གི་བརྡ་འཕྲིན་གྱི་དུས་རབས་སུ་འཚོ་བ་རོལ་བའི་མི་རིགས་དང་རིགས་རྒྱུད་གང་ཡིན་ཀྱང༌།  གལ་ཏེ་ཐར་ཐབས་བྲལ་བའི་དཀའ་ཁག་ཅིག་གམ་སྲོག་གི་ཉེན་ཁའི་སྔོན་དུ།  སུ་ལའང་རང་དབང་མེད་པར་སེམས་སུ ལྷ་སྒྲུངམི་བསྐྲུན་རང་བསྐྲུན་ཡིན། དེར་བརྟེན་རྨ་ཆེན་གངས་རི་ནི་བོད་མིའི་སེམས་ཀྱི་གནས་རི་རྐྱང་རྐྱང་ཞིག་དངརྨོངས་དདཅིག་མིན་པར།
ཕྱོགས་གཞན་ནས་བལྟས་ན་དེ་ནི་སྙིང་སྟོབས་དང་སྤོབས་པའི་རྟེན་གཞི་ཞིག་སྟེ།  རྩོམ་མཁན་གྱིས་མཐོང་སྣང་དེ་ལྟ་བུའི་སྒོ་ནས་རང་གི་འདོད་འདུན་དེའང་མངོན་གསལ་དོད་པོར་གངས་རི་ཞིག་གི་བསྡུས་བརྗོད་ལས་ཕྱིར་མཚོན་བྱས་འདུག 
/རྨ་ཆེན་གངས་རི།   ངའི་ཡིད་ཀྱི་མཚོད་ཁང་ན་འབར་ བའི་མར་མེ་སེར་པོ།  /་་་་་་/ ཁྱེད་ཉིད་ནམ་ཡང་ཁོ་མོའི་ཡིད་ཀྱི་སྐྱེད་ཚལ་དུ་བཞུགས་རོགས/  རྒྱུས་ལོན་ནི་ནམ་ཡང་ཡིད་ཆེས་ཀྱི་རྨང་གཞི་ཡིན་པ་བཞིན། མོས་རང་གི་རྒྱུས་ལོན་ལས་བསླངས་པའི་རྨ་ཆེན་གངས་ནི་སྐབས་འདིར་ཡུལ་ལྗོངས་རྐྱང་རྐྱང་ཞིག་ལས་མངོན་པའི་དུངས་སྣང་ཙམ་མིན་པར།   མེས་པོའི་བརྒྱུད་རིམ་ཞིག་གི་རྒྱུས་ལོན་ལས་བྱུང་བའི་ཤེས་དད་ཅིག་དང༌།  རང་སེམས་སུ་བཙན་བཟུང་ངམ་སྲུང་སྐྱོབ་བྱེད་བཞིན་པའི་མི་རིགས་ཤིག་གི་སྙིང་སྟོབས་སུ་མཐོང་ནའང་འགལ་བ་མེད་པའི་ཚད་དུ་གནས།   གནས་ལུགས་དེ་ལྟ་བུའི་འོག་ཏུ་སྒྱུ་རྩལ་བརྩམས་ཆོས་ཤིག་ལ་མཚོན་ན་རང་འགན་ལེགས་འགྲུབ་བྱུང་བར་བརྩི་རུང་བར་སྙམ།   ང་ཚོས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་དགོས་པའི་དམིགས་ཡུལ་ནི།   སྙིང་སྟོབས་རིགས་ཤིག་གི་ངོས་འཛིན་དང་ དེའི་མུ་རྒྱུན་མཐུད་པར་བྱེད་པ་ནི་གནད་དམ་པ་ཡིན་པ་བཞིན།  རྩོམ་མཁན་གྱིས་རྨ་ཆེན་གངས་རིའི་གཟི་ཉམས་དེ་ལོ་རྒྱུས་ཀྱི་བྱུང་བ་ཞིག་གི་ཀློང་རིམ་དུ་རང་གི་ཚོར་འདུས་བསྐྱེད་ཏེ། བསམ་གཞིག་ཅིག་གི་སྣེ་ནས་ང་ཚོར་སྦྱིན་པའངསྨོན་ལམ་གྱི་ཁ་བཏགས་ལ་རྩུབ་རེག་བྲལདགོས་པའི་ཡིད་ཆེས་འབའ་ཞིག་ཡིན། མི་རིགས་ཤིག་གི་ཤེས་རིག་ལས་ཐོན་པའི་དད་ཞེན་ནམ་ཡིད་ཆེས་ནི་དུས་གཏན་ཏུ་མི་རིགས་བརྩེ་དུངས་ཀྱི་ཡང་སྙིང་ཡིན་པར་མ་ཟད། མི་རིགས་ཤིག་གི་དར་རྒྱས་དུ་བགྲོད་བྱེད་ཀྱི་སྲོག་དབང་ཡང་ཡིན།  སྙན་རྩོམ་འདི་ཡུལ་བཀོད་ཀྱི་ཁྱད་ཆོས་རྐྱང་རྐྱང་སྤྱི་བམ་ཙམ་དུ་བརྗོད་པ་ཤས་ཆེ་བའི་སྤྱི་འགྲོས་ལས་བརྒལ་ཏེ།  ཡུལ་བཀོད་ཀྱི་ཁྱད་ཆོས་དེ་རང་གི་ངོས་ཟིན་དང་སེམས་རྒྱ་ཞིག་ལས་བསླངས་ཤིང༌།  དེར་བསྟུན་ནས་རང་གི་འདོད་འདུན་ནམ་ཚོར་འདུ་དེ་སླར་ཡང་ཡུལ་བཀོད་ཀྱི་ཁྱད་ཆོས་སུ་ཞུགས་པས།  སྙན་རྩོམ་དུ་ཚོར་འདུ་དང་ཡུལ་ཆོས་གཉིས་སྦྱར་པའང་གང་ལ་གང་འཚམ་དུ་ཐོན་པས་མཛེས་དཔྱོད་ཀྱི་བྱེད་ནུས་ཅུང་བློར་འབབ་པ་རེ་བཏོན་ཡོད་སྙམ།
ཡང་བརྗོད་སྟངས་འདི་ལ་ཕྱོགས་གཞན་ཞིག་ནས་བསམ་བློ་རེ་བཏང་ན། རང་འདུན་ཐད་ཀར་དུ་བརྗོད་པ་ཐལ་དྲགས་པས་རང་བབ་དང་མི་འཚམ་པའི་འུད་བརྗོད་ཀྱི་ཆ་ཅུང་ཆེ་བས།  བརྗོད་བྱ་གཏིང་མི་ཟབ་པའི་རྣམ་རྟོག་འཕེལ་བར་མ་ཟད། ད་དུང་རྩོམ་མཁན་རང་ལ་སྒྱུ་རྩལ་གྱི་རང་གཤིས་གཏན་འཇགས་མིན་པའི་གཉོམ་ཆའང་མངོན་གསལ་དུ་མཐོང་སླ་བ་ཡིན་མོད། སྒྱུ་རྩལ་བརྩམས་ཆོས་ཤིག་གི་རིན་ཐང་ལྕི་ཡང་ནི་རྒྱ་ཆེའི་ཀློག་མཁན་ཚོས་བརྡར་ཤ་གཅོད་དགོས་པས་འདིར་དགོས་མེད་ངལ་བ་མི་བྱའོ།།
<<སོ་ལྟ་དང་གཟབ་ཉན>>ལས་དྲངས།