འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།



ཆུའི་དབྱངས་ལ་ཉན་པ།
མི་ན་ལེར་བསྐྱོད་པའི་མྱོང་སྣང་།
ཤེས་རབ་མཛེས་པ་གཟུགས་སུ་ཤར་བ་དབྱངས་ཀྱི་ལྷ་མོ་མཚོ་བྱུང་མ།།
དཔོག་མེད་ཆོས་ཀྱི་ཁྲི་འཕང་སྟེང་ན་མངོན་པར་འགྱིང་བའི་རོལ་སྒེག་ཅན།།
བཅུ་དྲུག་ལང་ཚོའི་མཚར་སྡུག་དང་བཅས་ཆོས་ཀུན་དབྱངས་སུ་གྱེར་མཁས་མ།།
འགག་མེད་ངག་གི་དབྱངས་འགྲོས་རེ་ལ་འཇིག་རྟེན་མིག་གི་ཤིས་པ་སྩོལ།།

ཞོགས་ཉི་སེར་པོའི་འོད་སྣང་ཁྲོད་ནས་ཡིད་ཀྱི་རྟོགས་འགྱུ་གླུ་རུ་བརྡོལ།།
སྤྲིན་དཀར་རྒྱུ་བའི་ལྷོད་བག་མཐོང་དུས་སེམས་ཀྱི་ངལ་བ་རྒྱང་དུ་ཡལ།།
ཆལ་ཆིལ་རྦབ་ཆུའི་འབབ་སྒྲ་རིང་མོས་ཡིད་ཀྱི་སྐོམ་གདུང་ཟས་སུ་འདྲེན།།
ཚང་ཚིང་ནགས་ཀྱི་གཡུ་ལོ་ལྗང་ཁུས་རྣམ་ཤེས་སྐམ་པོའི་དབུགས་རྒྱུན་གསོ།།

འདབ་ཆགས་རྩེན་པའི་བྲོ་དབྱངས་སྙན་མོས་མི་ཡུལ་ཞིང་གི་ངོ་མཚར་གླེང།།
མེ་ཏོག་འཛུམ་པའི་རོལ་སྒེག་སྟོང་གིས་ཡུལ་འདིའི་མཛེས་པ་ཚོན་དུ་སྡེབ།།
ཡོངས་སུ་འདུས་པའི་མི་ཚོགས་དག་གིས་གཙང་བོའི་ལང་ཚོ་མཐོང་གྱུར་ནས།།
ཉེ་བར་བཏུད་ནས་ལག་ཟུང་བརྐྱངས་བཞིན་རེག་པའི་གོ་སྐབས་ཡང་ཡང་བཙལ།།

ལུང་བའི་གཏིང་ནས་རྩེ་རུ་བགྲོད་པའི་ལྗོངས་རྒྱུའི་རླངས་འཁོར་སྟོང་ཕྲག་གིས།།
རོ་ཐང་རྩེ་ཡི་མཚར་ཉམས་མ་མཐོང་དུང་སྒྲ་ལྷོད་ནས་གྱེན་ལ་བལྟ།།
བུད་ཤིང་དུམ་ཞིག་ཕྲག་པར་ཁུར་ནས་རྒྱང་རིང་འཚོལ་བའི་རྒྱ་གར་མས།།
སྐྱིད་སྡུག་སེམས་ཀྱི་བྱུང་བ་དམར་པོ་ཕྱོགས་ཀྱི་མི་ལ་ལྷུག་པོར་བརྗོད།།

བསིལ་འཇམ་རླུང་བུས་དལ་བུར་རེག་ཚེ་ལུས་ལ་སིམ་པའི་སྣང་བ་སྟེར།།
སྤང་ལྗོངས་སྔོན་མོའི་ནེམ་ཤ་མཐོང་ཚེ་ཚེ་སྲོག་གསོན་པའི་རེ་སྨོན་རྟོགས།།
ཤག་ཤག་གཙང་བོའི་བཞུར་སྒྲ་ཐོས་ཚེ་གཟུགས་མེད་སེམས་ལ་སྟོབས་ཤུགས་སྩོལ།།
མི་ནའི་ཡུལ་གྱི་དབྱར་གཞུང་འདིས་ཀྱང་རང་ཡུལ་དྲན་པའི་གསལ་འདེབས་བྱས།།
༢༠༡༢ལོའི་ཟླ་༦པའི་ཚེས་༢༣ཉིན་ནི་མ་ལེ་རུ་བྲིས།

ང་ལ་གུ་ཡངས་གནང་རོགས།

མི་ལོ་མང་པོ་མང་པོ་ཞིག་ལ།

འདི་ལྟར་སུ་ཞིག་གི་ལུས་ངག་ཡིད་གསུམ་གྱི་གས་ཆག་དུམ་བུ་རེ་བཏུས་ཏེ།

སུ་ཞིག་ལ་ཞུ་བ་འཐེན་གྱིན་ཡོང་།

ཐ་ན་མག་མོག་གི་ལོ་ཟླ་རེ་རེར་ཡང་ཁྱེད་ཉིད་དྲན་གྱིན་ཡོང་།

བདག་གི་གངས་ལྗོངས་ལགས།


འདི་ལྟར།ང་ཚོའི་དྭངས་གཙང་གི་རུས་རྐང་དེའི་ཆེད་དུ།

ཡུལ་འཁྱར་བའི་གཏམ་རྒྱུད་ཅིག་མུ་ནས་མུ་རུ་བསྲིངས་ཤིང་།

ཉམ་ཆུང་བའི་གླུ་ངག་ཅིག་ས་ཆེན་གྱི་སྤྱི་གཙུག་ཏུ་བསྒྲེངས་པ།

ང་ཚོའི་སང་ཉིན་གྱི་ཆེད་དུ་མིན་ནམ།


ད་ནི་ང་རང་ཡང་རྒས་ཚོད་འདུག

དུས་རབས་དང་ལོ་ཟླའི་གཅོང་རོང་ན་རྒས་ཀྱིན་འདུག

དྲན་གདུང་དང་ན་ཚོད་ཀྱི་ས་སྲོས་ན་རྒས་ཀྱིན་འདུག

བདག་གི་གངས་རི་དང་རྩྭ་ལྗང་གི་ཚོགས།


མི་ལོ་ག་ཚོད་ཅིག་ལ།

ཁྱེད་ཀྱིས་མིག་ཟུང་གི་གཏིང་མཐའ་ནས་སུ་ཞིག་ལ་ངང་སྒུག་བྱེད་ཀྱིན་ཡོང་།

ཁྱེད་ཀྱིས་རང་སེམས་ཀྱི་མཐོ་ས་ནས་སུ་ཞིག་ལ་རྒྱབ་རི་བཞེངས་ཀྱིན་ཡོང་།

དེ་ལྟ་ནའང།ང་རང་འདི་ལྟར་སྡོད་དགོས་བྱུང་།

འགྲོ་སྡོད་ལ་སྒོ་མོ་མེད་པའི་གྲུ་ཟུར་ཞིག་ནས།

ནང་སེམས་ཀྱི་གདུང་བ་ལྕི་བའི་ཡུལ་མཐའ་ཞིག་ནས།

ཁ་རོག་གེར་ཁྱེད་ཀྱིས་མིག་ཆུ་འཐུང་བཞིན་ཡོད།


གོ་ཐོས་སུ།སུ་ཞིག་གི་ལོག་ཕེབས་ཀྱི་ལོ་ཟླར་སྒུག་སྒུག་ནས

ད་ལྟ་ཁྱེད་ཀྱི་གངས་རིའི་ཁ་བའང་ཆུ་རུ་ཟགས་ཀྱིན་འདུག་ཟེར།

གོ་ཐོས་སུ།སུ་ཞིག་གི་དབུལ་ཕོངས་ཀྱི་འཚོ་སྡོད་ལ་ཅེར་ཅེར་ནས

ད་ལྟ།ཁྱེད་ཀྱི་དྭངས་གཙང་གི་བཞིན་རས་ཀྱང་རྒས་ཀྱིན་འདུག་ཟེར།


དེ་བས་ང་ལ་ཅིས་ཀྱང་གུ་ཡངས་གནང་རོགས།

ཉིན་ཞག་དང་ལོ་ཟླ་ངེས་མེད་ཀྱི་ཀློང་རིམ་ནས

དལ་དྲགས་པའི་བདག་གི་གོམ་འགྲོས་ལ་གུ་ཡངས་གནང་རོགས།

སྡུག་ཡུས་དང་དྲན་གདུང་ཁྲི་ཕྲག་གི་གཏིང་རིམ་ནས།

ཉམས་དམའ་བའི་བདག་གི་འདུག་སྟངས་ལ་གུ་ཡངས་གནང་རོགས།


ལོ་ཟླས་ཟ་བཞིན་པའི་བདག་གི་གྲིབ་རིས།

དུས་ཚོད་ཀྱིས་འཁྱེར་བཞིན་པའི་བདག་གི་རྨི་ལམ།

ཡོད་ཚད་ལ་ཁྱེད་ཀྱིས་གུ་ཡངས་གནང་རོགས།

བདག་གི་གངས་ལྗོངས་ལགས།
༢༠༠༩ལོའི་སྤྱི་ཟླ༥ཚེས༧ཉིན་རྒྱ་གར་བྱང་ཕྱོགས་རྡ་རམ་ས་ལ་ནས་བྲིས།

མིའི་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་འདྲ་རེད་དམ།

ཁང་བརྩེགས་རྫོབ་པོ་ཞིག་ནམ་མཁའི་མཐོངས་སུ་འགྲེང་བ།།
མི་ཆེན་འབྱོར་ལྡན་ཚོས་སྐྱིད་ཉལ་རྒྱག་ས་ཡིན་ནམ།།
བར་གྱི་སྲང་ལམ་ན་ཁྱི་འཁྱམ་འུར་གྱིས་ཟུག་པ།།
ལྟོ་ཟས་དྲོན་མོ་དེར་དམིགས་པའི་དམར་འཛིང་ཡིན་ནམ།།

རྡ་སའི་མི་དྲག་གི་ཁྱིམ་སྒོ་རེ་རེ་ཉུལ་དུས།།
བོད་པའི་རྒྱལ་ཁབ་ཀྱང་བོར་བའི་སྐྱོ་གར་མཐོང་བྱུང་།།
མི་སེར་སྐྱ་ཧྲུལ་ཚོའི་ངོ་གདོང་གཉོམ་པོ་རེ་རེར།།
འོད་ཀྱི་མར་མེ་ཞིག་ཡོད་ན་བཀར་རིན་མིན་ནམ།།

ཞོགས་ཉི་སེར་པོ་ཞིག་ཤར་བའི་དྲོད་འཇམ་དབུས་ན།།
བུ་ཕྲུག་གཅེར་རྗེན་ཚོའི་སྐྱིད་པའི་སྔུར་སྒྲ་ཞིམ་ཡང་།།
གྲིབ་ནག་རིང་པོ་ཞིག་འགུལ་བའི་འཇིགས་དངངས་ཁྲོད་ནས།།
རྨི་ལམ་སྐྱིད་པོ་ལ་རོལ་བའི་ཁོམ་ལོང་འདུག་གམ།།

གཞན་མྱི་རྐུབ་ནག་ཚོའི་འཕང་ཤ་ལྕེ་ཡིས་ལྡག་ཞིང་།།
རང་མྱི་མགོན་མེད་ཚོའི་སྒལ་ཚིགས་མཚོན་གྱིས་གཅོད་པའི།།
གནས་ལུགས་མིག་ཟུང་གཉིས་ཞར་བའི་དངོས་བྱུང་རིང་མོ།།
རི་ངོགས་དོག་མོ་འདིར་བྱུང་བའི་གཏམ་རྒྱུད་མིན་ནམ།།

མ་ཎི་བཙའ་གོག་ཞིག་བསྐོར་ནས་མིག་ཟུང་བཙུམ་ཡང་།།
ཕྲེང་བ་ཟད་པོ་ཞིག་འདྲེན་བཞིན་ཁོག་སྡིགས་གསོག་པའི།།
བོད་མི་དད་ལྡན་ཚོའི་དག་སྣང་རྫུན་མ་འདི་ལ།།
ཞི་བདེ་སྣང་བརྙན་གྱིས་མིག་དཔེའི་ལྟ་རན་འདུག་གམ།།

ཆོས་དང་རིག་གཞུང་ལ་ཤ་ཞེན་ཆེ་ཚུལ་ཟེར་ནས།།
འབྱོར་ལྡན་དངུལ་ཁུག་ལ་མིག་གི་ཨ་ལོང་བསྐོར་ཏེ།།
རང་གི་སློང་ཁུགས་ལ་སྒེར་གྱི་ཐམ་ཀ་བཀོད་པ།།
དེང་མྱི་སྐབས་འཚོལ་ཚོས་བྱེད་སྟངས་འདི་ལས་མ་འདས།།

དྲ་ཚིགས་མདུན་ངོས་ན་མིག་གི་དབང་བོ་བརླག་བཞིན།།
ཕྱོགས་གཏོགས་འཁོན་སེམས་ཀྱི་འུར་ཟིང་དབྱིངས་སུ་གཏོར་ཞིང་།།
མཁས་མདོག་ཡིན་མདོག་གི་རང་མགོ་རང་གིས་གཡོག་པ།།
ཤེས་ཡོན་དཔུང་སྡེ་ཡི་ལས་འགན་འདི་འདྲ་ཨེ་ཡིན།།

འགོ་གཙོ་སྲིད་འཛིན་དག་འགྲོ་བའི་ཕྱོགས་བསྐྱོད་རྗེས་སུ།།
དཔྱད་གླེང་རིམ་པ་ཡི་འཁོར་ཚོགས་དམག་ཏུ་དྲངས་ནས།།
འཛམ་གླིང་ཤར་ནུབ་གྱི་གནམ་སའི་ངོ་གདོང་གང་བ།།
མིའི་རིགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འདི་འདྲ་ཡིན་ནམ།།

སྤྱི་སྒེར་ཚགས་ཤོག་དང་སྒྲ་བརྙན་དུམ་བུ་རེ་ལ།།
ཉིན་མཚན་དུས་དྲུག་གི་ལས་ཀ་ཡོངས་སུ་བཅོལ་ནས།།
སྣོད་ཀྱི་འཇིག་རྟེན་ལ་ཤོབ་ཀྱི་རྫུན་ལུང་བསྒྲགས་ན།།
མི་གཙང་གད་སྙིགས་འདི་གཙང་བཀྲུ་ག་དུས་བྱེད་དམ།།

རང་བྱུང་འབྱུང་ཁམས་ལ་མི་གཙང་རྫས་ངན་བྱུགས་བཞིན།།
མང་གྲགས་སྐམ་པོ་ཡི་མགོ་བོ་ཐང་མར་བརྡལ་ཏེ།།
དོན་མེད་བྱུང་རྒྱལ་གྱི་འུར་སྒྲ་རླུང་ལ་བསྐུར་དུས།།
འཛམ་གླིང་ཤེས་རིག་གི་རིན་ཐང་གང་དུ་ཡོད་དམ།།

འབྱུང་ཁམས་ས་གཤིས་ཀྱི་ནང་སྙིང་ཤར་གྱིས་བཅུས་ནས།།
རྫས་ངན་རུལ་སུངས་ཀྱི་སྦགས་བཙོག་རོལ་ཏུ་ཁྲིད་ནས།།
ཁེ་བཟང་རྒྱལ་ཕམ་ལ་གོམ་པའི་རིང་ཚད་རྩོད་པ།།
གཏན་གྱི་ཞི་བདེ་ཡི་ལམ་བུ་འདི་འདྲ་ཡིན་ནམ།།

རི་བོའི་མཐོ་ཚད་ལ་སྙོབ་པའི་ལག་ཟུང་མེད་ཀྱང་།།
སྨད་ཀྱི་རི་ཞོལ་ནས་མིག་ཞགས་སྟོད་ལ་འཕངས་ན།།
སྨུག་སྤྲིན་འདྲེས་མ་ཡིས་འཁྱུད་པའི་གཟུགས་རིས་བན་བུན།།
ཡིད་ཀྱི་ཡོལ་ངོས་ལ་གསལ་བ་འདི་ག་ལགས་སོ།། 
༢༠༡༡ལོའི་ཟླ་༦  ༢༣ཉིན།

དོན་ངོ་མར་སུ་ཡིན་ནམ
བཀག་སྡོམ་དང་མུན་ནག་གི་གྲོང་ཚོ
བསྐྱར་ཟློས་དང་ཤ་འཁོན་གྱི་འཇིག་རྟེན
མི་ཡུལ་འདིའི་འཚོ་སྡོད་ཐེངས་ཤིག་གི་རྗེས་ནས
ཁ་སང་གི་ང་རང་སུ་ཡིན་ནམ

དགོད་འདོད་ཀྱང་གདོང་རས་མི་གསལ་བའི་གྲིབ་རིས་ཤིག
ཤི་བསམ་ཡང་ན་ཟུག་མི་ཚོར་བའི་རྣམ་ཤེས་ཤིག

མ་གཞི    མི་ཡུལ་འདིར་རང་དབང་གི་ནམ་མཁའ་ཞིག་ཡོད་པ་བདེན་དུ་སྲིད་ན
ཅི་ཞིག་ལ  བདག་གི་ས་ཆེན་གྱི་མཚར་སྡུག་ཁྲག་གིས་སྦགས་དགོས
ཅི་ཞིག་ལ   བདག་གི་ནང་སེམས་ཀྱི་དུངས་པ་མཚོན་གྱིས་གཏུབ་སོང

དོན་ངོ་མར
སུ་ཞིག་གིས་དུས་རླུང་གིས་དཀྲོགས་པའི་བདག་གི་ངོ་གདོང་མཐོང་ཡོད
སུ་ཞིག་གིས་མེ་དཔུང་གིས་བསྲེགས་པའི་བདག་གི་ན་ཟུག་ཚོར་ཡོད

ཝུ་བའི་སྨྲ་ལྕེ་དག  བདག་ལ་མ་བརྗོད་རོགས
ངས་གཏན་དུ་མཐོང་མི་འདོད་པ
ཡབ་ཆེན་གྱི་རུས་རྐང་རླུང་གིས་འགམས་ཚུལ་ཡིན
ངས་རྟག་ཏུ་ཉན་མི་འདོད་པ
ཡུམ་ཆེན་གྱི་མོ་མཚན་ཁྱི་ཡིས་ལྡག་ཚུལ་ཡིན

བསམ་གཞིགས་མང་བའི་དེ་རིང་གི་ཞོགས་ཁ་ནས
འདི་ལྟར  རང་ཉིད་ཀྱི་མགོ་བོ་མཐོན་པོ་ཇི་ལྟར་མཐོ་རུ་བསྒྲེངས་ཀྱང
པོ་ཏ་ལའི་གསེར་མདོག་གི་ཆག་འཇིག་ཆ་ཚང་ཀློག་མ་ཐུབ་པའི་ང་ཚོ
སུ་ཞིག་གི་གསུབ་མ་ཐུབ་པའི་ནག་ཉེས་དང་ཡིག་འབྲུ་ཡིན་ནམ

ཉིན་དེར ཉམ་དམའ་བའི་རུ་དཔུང་ཞིག་ལྷོ་རུ་འཁྱར་བའི་བའི་ཉིན་དེར
ཁྱེད་ཀྱི་རང་དབང་གི་རྩྭ་ཐང་ན་ཡན་པའི་རྟ་མཆོག་རེ་རེ
རྡུལ་རླུང་གིས་དེད་ནས་གང་དུ་གཤར་སོང་
ཁྱེད་ཀྱི་དྭངས་གཙང་གི་མཚོ་ངོགས་ན་རྩེན་པའི་འདབ་ཆགས་ཁྱུ
འཐོར་རླུང་གིས་དེད་ནས་གང་དུ་ཡལ་སོང

ཡོད་ཚད་ཁྱེད་དང་མཉམ་དུ
མྱ་ངན་དང་གདུང་སེམས་ཁྱེར་ནས་བཞུད་སོང་བས
སྐྱ་ཐིང་ཐིང་གི་དགུན་གཞུང་དེ་ན
མཚོ་ཇག་གིས་བཟུང་ཚར་བའི་ཨ་མ་ཞིག་གི་མིག་ཆུའི་མཛེས་སྡུག་ལྷག་ཡོད
ལྷམ་གོས་བོར་ཚར་བའི་དྭ་ཕྲུག་ཚོའི་ངུ་ངག་གི་གདུང་བ་ལུས་ཡོད

འདི་ལྟར་བསམ་འོངས་དུས
རང་ཉིད་ཀྱི་དུར་ཁྲོད་མི་མཐོང་བའི་བྲོས་བྱོལ་བ་ཁེར་རྐྱང་དེ་སུ་ཡིན་ནམ
འདི་ལྟར་བསམ་འོངས་དུས
རང་ཉིད་ཀྱི་གདོང་རས་འབོར་གྱིན་པའི་དུས་རབས་ཀྱི་ནད་པ་དེ་སུ་ཡིན་ནམ
དུས་ཚིགས་ངེས་མེད་ཀྱི་དེ་རིང
ངས་འདི་ལྟར་གློ་བུར་དུ་རང་ཉིད་ལ་དྲི་བ་རེ་རེ་ཤུགས་ཀྱིས་དྲིས
༢༠༡༠ལོའི་ཟླ་༤ཚེས་༡ཉིན་ཁམས་མི་དྭངས་བའི་ཉིན་ཞིག་ལ་བྲིས།

 ཆུ་བོ་གངྒཱ།
གསེར་འོད་འཚེར་བའི་ས་ཆེན་གྱི་ལང་ཚོ་ཁྱེད
མཚར་སྡུག་གི་གཟི་མདངས་ལྷན་དུ་གང་ནས་ཡོང
འདམ་སྙིགས་ཀྱིས་གྲུབ་པའི་བ་ཚའི་བཞུར་རྒྱུན་ཁྱེད
བྲེལ་ཟིང་གི་མི་ཚོགས་དང་མཉམ་དུ་གང་དུ་འགྲོ

སའི་སྤྱི་གཙུག་ནས་འོང་བའི་ཤེལ་གྱི་མགུལ་རྒྱུན་མཉེན་མོ
རང་བྱུང་གི་ཉི་འོད་ཞི་འཇམ་གྱིས་བསུ་བཞིན
དྭངས་གཙང་གི་ཀློང་ན་ཅི་ཞིག་འབོད་ཀྱིན་ཡོད
ས་སྲོད་ཀྱི་ཉི་ཟེར་དམར་པོ་སྙན་འཇེབས་ཀྱིས་བཀྲོལ་ཀྱིན
འདམ་སྙིགས་ཀྱི་གསེབ་དུ་ཅི་ཞིག་བོར་བཞིན་ཡོད

ཆུ་བོ་གངྒཱ།  ས་ཆེན་གྱི་སྙིང་ཁྲག་དམར་པོ
ཁྱེད་འདི་ལྟར་སྐྱོ་མདོག་གིས་བཞུར་དོན་སུ་ཡི་ཆེད་དུ་ཡིན
ཁྱེད་འདི་ལྟར་ངལ་དུབ་ཀྱི་གཟེར་ནས་ཅི་ཞིག་འཚོལ་བཞིན་ཡོད

འདི་ལྟར་ཁྱེད་ཀྱི་རོལ་དབྱངས་ལ་རྣ་བ་བླགས་དུས
གསེར་སྤྲི་འདྲེས་མའི་འབབ་རྒྱུན་རེ་རེ་གད་སྙིགས་སུ་འགྱུར་ཚུལ་མཐོང་ཞིང
ཆེས་རང་བྱུང་ངམ་སྟོབས་ཤུགས་ཀྱིས་བརྡོལ་བའི་བཞུར་རིང་མོ
སུ་ཞིག་གི་སྐྱོ་ངག་གི་མགྲིན་པ་ནས་མཆེད་པའི་སྨྲེང་པ་ཐོས

ཁྱེད་ལ་འཛད་དུ་མེད་པའི་གོམས་འགྲོས་འདི་སུ་ཡིས་གནང་སོང
ཁྱེད་ལ་འཇགས་སུ་མེད་པའི་འགྱུར་ཁུགས་འདི་སུ་ཡིས་བསྩལ་སོང
ཆུ་བོ་གངྒཱ  ས་ཆེན་གྱི་སྙིང་ཁྲག་དམར་པོ
དཔའ་མཛངས་ཀྱི་སྒལ་རྩ་སྲ་མོ་སུ་དང་འབྲེལ་ཡོད
རོལ་སྒེག་གི་བཞུར་རྒྱུན་སྙི་མོ་སུ་ལ་བསྲིངས་ཡོད 

དེ་རིང་གི་གཙང་འགྲམ་ན
ཉ་དྲིའི་སྙིགས་ལུད་ལ་རྔམ་པའི་མི་ཚོགས་ཡོད་ཚད
སུ་ཞིག་གི་ནར་མ་སོན་པའི་སྐྱ་མདོག་གི་བཞིན་རས་ཡིན་ནམ
སང་ཉིན་ཁྱེད་ཀྱི་འཇིག་རྟེན་ཡངས་བོ་ནས
འགྱིག་རྫས་ཀྱིས་སྤགས་པའི་རུལ་སུངས་ཡོད་ཚད
སུ་ཞིག་གིས་ས་ཆེན་ལ་དྲངས་པའི་དུག་གི་བྱེར་ཁུ་ཡིན་ནམ

འདི་ལྟར་ཁྱེད་དང་ཁ་གཏད་དུ་འགྲེང་དུས
སང་ཉིན་གྱི་མིག་འབྲས་འཚོལ་འདོད།
འདི་ལྟར་ཁྱེད་ཀྱི་བཞུར་རྒྱུན་དང་བསྡོངས་ནས
ས་ཆེན་གྱི་སྙིང་ཁམས་ལ་ཉན་དུས

འབྱུང་འགྱུར་གྱི་གདོང་རིས་ཁྲི་ཕྲག་ཁྱེད་ལ་ཅེར་བའི་རེ་སྒུག་མཐོང་བྱུང་བས
དེ་རིང་གི་གྲུབ་གཟུགས་གྲངས་མེད་ཁྱེད་ལ་གཟས་པའི་སྐོམ་གདུང་ཚོར་བྱུང
ཆུ་བོ་གངྒ ་ཁྱེད་ནམ་ཡང་བདག་གི་ས་གཞིའི་ལྗང་མདོག་ཏུ་འཁྱུད་རོགས
འཇགས་སུ་མེད་པའི་མིའི་རིགས་ཀྱི་རྣམ་ཤེས་རིང་མོ་ལགས
༢༠༡༢ལོའི་ཟླ༡ཚེས་༢༡ཉིན་བྲིས།