འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།


               <<ཁྲག་ཡིག>>དང་<<སྒེར་གཅོད>>བཀླགས་པའི་མྱོང་ཚོར།
                                ༡   ཁྲག་གི་བྲིས་རིས།
                                   བདེ་འཚོ།༼རྡ་ས༽
བཙན་བྱོལ་དུ་འབྱོར་ནས་མི་ལོ་བརྒྱད་ལྷག་བསྐྱལ་ཚར་བའི་བརྒྱུད་རིམ་ནང་དུ་ངས་རྟག་ཏུ་ཐོས་བྱུང་བ་ནི་གསར་འགྱུར་བརྒྱུད་ལམ་ཁག་ནས་བསྒྲགས་འོང་བའི་སྐད་ཆ་ཡང་མོ་དག་དང་།  ཡང་ན་ཚོར་ཤེས་ཀྱི་ན་ཟུག་སྟོང་བའི་ཚོགས་སྡེ་ཁག་གི་སྤྱི་བསྒྲགས་ཙམ་ལས། མི་སེམས་རློན་པ་ནས་བཞུར་འོང་བའི་ཆེས་སྙིང་ཉེ་བའི་སྐད་ཆ་ཞིག་དང་། ཆེས་བབ་ཆགས་པའི་སེམས་འདུན་ངོ་མ་ཞིག་ཕལ་ཆེར་ངའི་ཚོར་ཤེས་ཀྱི་དབང་བོ་རེ་རེ་རྟུལ་སོང་བས་མིན་ན་ཐོས་དཀའ་ཚོད་དུ་སྣང་།  དེ་བས་ལོ་འདི་དག་ནི་ང་ལ་མཚོན་ན་ཆེས་སུན་སྣང་དང་སྐྱོ་གདུང་། ཡང་ན་ཁེར་རྐྱང་ལྟ་བུའི་འཁྱོལ་དཀའ་བའི་ཉིན་ཞག་གི་རྩིས་ཐོ་རེ་རེ་ལས་མ་འདས།  འདི་ལོའི་སྤྱི་ཟླ་༤པའི་ཚེས་༡༥ཉིན་མདོ་སྨད་ཀིརྟི་བྱེས་དགོན་གྱི་རྩོམ་དེབ་བརྒྱ་ལོངས་པའི་མཛད་སྒོར་འགྲོ་བའི་གོ་སྐབས་ལས་ཐེའུ་རང་གི<<ཁྲག་ཡིག>>ལ་དངོས་སུ་མཇལ་བའི་བསྐལ་བ་བྱུང་སོང་། སྤྱིར་ཐེའུ་རང་དང་<<ཁྲག་ཡིག>>ཞེས་པའི་ཡིག་འབྲུ་འདི་གཉིས་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་དག་གི་སྐད་ཆའི་བར་གསེང་རེ་ནས་རྟག་ཏུ་ཐོས་མྱོང་ཡོད་ཀྱང་།བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་དེ་ལྟཱ་བུའི་སྤྱི་བསྒྲགས་དག་ནི་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས་ངས་ཀྱང་དེ་ཙམ་གྱིས་དོ་སྣང་ཆེན་པོ་མ་བྱས་པ་ནི་ད་ལྟ་བསམ་ན་རང་ཉིད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་རེད། དེ་བས་ཐེའུ་རང་གི་<<ཁྲག་ཡིག>>དངོས་སུ་ལག་ཏུ་འབྱོར་བས་ངས་དབུགས་ཐེངས་གཅིག་གིས་དེ་ཉིད་བམ་ཀློག་ཐེངས་ཤིག་བྱས་ཤིང་ཕྱིས་སུ་ཡང་བསྐྱར་ཞིབ་ཀློག་ཐེངས་ཤིག་ཀྱང་བྱས་པ་ཡིན།  སྐབས་དེར་<<ཁྲག་ཡིག>>ཞེས་པའི་ཁ་བྱང་ཙམ་པོ་དེས་ཀྱང་ང་ལ་ན་ཟུག་དང་ཕྱིར་དྲན་གྱི་བློས་བསླངས་མང་པོ་ཞིག་སྐྱེས་སུ་བཅུག་སོང་།  ཅིས་ཕྱིར་ཞེས་ན་ཁྲག་ནི་འགྲོ་བ་མི་དང་རླབས་ཆེ་བའི་ཚེ་སྲོག་མང་པོ་ཞིག་གི་རྒྱུ་བ་གསོ་བྱེད་ཀྱི་དྭངས་མ་ཡིན་པས།  ཁྲག་སྐམ་ཚེ་འཇིག་རྟེན་སྟེང་གི་མཛེས་སྡུག་གི་ཚེ་སྲོག་རེ་རེ་ནི་ཇི་སྲིད་བར་དུ་འཚོ་དཀའ་ཞིང་གནས་མི་ཐུབ་པ་ཞིག་ཡིན་པས་སོ།དེ་བས་ཁྲག་རྒྱུན་གྱིས་ཤར་ཤར་བྲིས་པའི་ཡིག་འབྲུ་འདི་དག་གིས་ང་ཚོར་རྒྱུ་མཚན་དང་གནས་ལུགས་མང་པོ་ཞིག་བཙན་འོག་ནས་བརྗོད་ཀྱིན་འདུག  འདི་ལྟར་བསམ་འོང་ན<<ཁྲག་ཡིག>>ནི་དམར་ལྷོག་ལྷོག་བཞུར་བའི་མི་ཕོ་ཞིག་གི་ཁྲག་གི་བཞུར་རྒྱུན་ཡིན་ནམ། ཡང་ན་ཚ་ལམ་ལམ་དུ་ཁོལ་བའི་ཚེ་སྲོག་ཁྲི་ཕྲག་གི་སེམས་ཀྱི་གདུང་འབོད་ཡིན།  འདི་ལྟར<<ཁྲག་ཡིག>>གིས་ང་ཚོ་ལ་རྨ་ཁ་ཞིག་བསྟན་བྱུང་།  ལོ་ངོ་དུ་མ་ཞིག་གི་སྔ་རོལ་ནས་གསོས་མ་ཐུབ་པའི་རྨ་ཁ་ཞིག་བསྟན་བྱུང་ལ། ད་ལྟ་ཡང་ད་དུང་ཡང་ཁྲག་དམར་ལྷོག་ལྷོག་བཞུར་གྱིན་པའི་རྨ་ཁ་ཞིག་བསྟན་བྱུང་བས་མ་ཚད།  མ་འོངས་པའི་མི་རབས་ནས་མི་རབས་བར་དུ་དྲག་སྐྱེད་འབྱུང་དཀའ་བའི་རྨ་ཁ ཞིག་བསྟན་བྱུང་། 
བླ་སྲོག་གི་གླུ་སྐད་མ་འཇགས་ན། རུས་རྐང་གི་ཁྲག་རྒྱུན་མ་ཡལ་ན།ང་རང་ཚོ་རང་དབང་དང་བསྡོངས་ཏེ་གངས་སུལ་དུ་འཐིམ་ཆོག  འདི་ནི་<<ཁྲག་ཡིག>>གིས་ཁུར་འོང་བའི་སེམས་པ་དམར་པོ་ཡིན་ལ།  <<ཁྲག་ཡིག>>གིས་རང་ཉིད་ལ་ཆེད་དུ་བརྐོས་པའི་རྟག་བརྟན་གྱི་དུངས་པ་ཞིག་ཀྱང་རེད།  སྐབས་འདིར་ཁྲག་ཡིག་གི་དམར་ཧྲང་ཧྲང་དུ་བཀྲམ་པའི་ཡིག་འབྲུ་རེ་རེ་ན་ཟུག་གི་འཕག་འཚག་རེ་རེ་དང་འགྲོགས་ཏེ་ངའི་དྲན་ཤེས་དང་སེམས་པ་ཡོད་ཚད་རྨང་ནས་སྒུལ་བྱུང་།  ཞེ་སྡང་  ཤ་འཁོན   ན་ཟུག ལྕགས་སྒྲོག  བདག་གི་ཤ་གསེང་རུས་རྐང་ན།  ལྗིད་ཏིག་ཏིག་གི་ཡིག་འབྲུ་གཉིས་ཀྱིས་ཚ་འདྲི་སློང་གིན་འདུག  འདི་ནི་<<ཁྲག་ཡིག>>གིས་གྱེར་བྱུང་བའི་རླབས་ཆེ་བའི་ཚེ་སྲོག་ཅིག་གིས་གཞི་ནས་རྙེད་པའི་ཚོར་འདུའི་གཟུགས་རིས་ཤིག་རེད། དེ་ལས་ལྕགས་སྒྲོག་གིས་དམ་དུ་བསྡམས་པའི་ཞེ་སྡང་དང་ཤ་འཁོན། ཡང་ན་ན་ཟུག་རེ་རེ་ཡིས་འགུལ་སྐྱོད་བྱེད་བཞིན་པའི་རྣམ་པ་ཞིག་ང་ཚོར་བསྟན་བྱུང་བ་ནི་སྙན་ངག་མཁན་གྱི་དུངས་སེམས་དངོས་དང་རྟོགས་འཆར་གཉིས་ཀ་གཞི་གཅིག་ཏུ་བསྲེས་པའི་ཁྱད་འཕགས་ཀྱི་ཐབས་རྩལ་ཞིག་ཏུ་སྣང་།  ང་ཚོར་འདི་ལྟ་བུའི་བརྩེ་སེམས་དངོས་ཀྱིས་ཕྱུག་པའི་སྙན་ངག་མཁོ་ལ་འདི་ལྟ་བུའི་རང་དབང་སྙེག་ཕོད་པའི་གདོང་མཆོང་གི་སྙིང་སྟོབས་དེ་བས་ཀྱང་མཁོ།འདི་ནི་རང་ག་བའི་མི་ཆུང་ཞིག་གིས་རང་གི་མ་ཡུམ་གངས་ལྗོངས་ཀྱི་ན་ཟུག་དང་ཉམས་ཉེས་མ་བཟོད་པའི་ཀི་སྒྲ་ཐེངས་ཤིག་ཡིན།  འདི་ནི་མགྲིན་པ་གངས་ཆུས་གསོས་པའི་དུས་རབས་ཀྱི་གླུ་བ་ཞིག་གིས་ཚེ་སྲོག་དང་དུངས་སེམས་མཉམ་དུ་བརྒྱུས་ནས་བླངས་པའི་གླུ་ངག་རིང་མོ་རེད།གང་ལྟར་ཁྲག་ཡིག་བཀླགས་རྗེས་ངས་མི་ཞིག་དྲང་པོར་སོང་ས་ནས་རྐང་རྗེས་གསལ་བོ་ཞིག་ཡོད་འོས་པའི་བདེན་ལུགས་ཁོ་ན་རྙེད་བྱུང་།དེ་བས་ཀྱང་ཐེའུ་རང་གིས་འཚོལ་གྱིན་པའི་ནང་སེམས་ཀྱི་དབྱངས་རྟ་ངོ་མ་ཞིག་ཐོས་ཤིང་།  <<ཁྲག་ཡིག>>གིས་ཕབ་ཀྱིན་པའི་སྣང་བརྙན་གསོན་པོ་དེའི་གྲག་འགུལ་རྟོགས་བྱུང་བས།   མཇུག་ཏུ་ང་རང་ཉིད་ཀྱང་ཁྲག་ཐིགས་ཤིག་ཏུ་གྱུར་ཏེ<<ཁྲག་ཡིག>>དང་མཉམ་དུ་བཞུར་བཞིན་འདུག   
                                       ༢  སྒེར་གཤིས།
མིའི་ཚེ་སྲོག་གི་རིན་ཐང་ནི་འདུ་ཤེས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་བྱུང་གི་ཡོད་ལ། དེ་བཞིན་འདུ་ཤེས་ཀྱི་འགུལ་སྐྱོད་ནི་དགའ་སྡུག་གི་ཚོར་བ་དངོས་དང་འབྲེལ་ནས་བྱུང་གི་ཡོད་པས། མི་ཞིག་གི་དགའ་སྡུག་གང་རུང་གི་ཚོར་བ་དངོས་ནི་ད་གཟོད་རང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཚད་ཤིང་ར་འཕྲོད་བྱེད་ཀྱི་བདེན་དཔང་ལྟ་བུ་ཞིག་ཏུ་ཆགས་ཡོད།བཙན་བྱོལ་སྤྱི་ཚོགས་ཁྲོད་སྙན་ངག་ལ་དགའ་མཁན་ཧ་ཅང་ཉུང་བའི་གནད་ཀྱང་གདོད་མ་ནས་མངའ་བའི་མིའི་བརྩེ་སེམས་དང་ཚོར་ཤེས་སོགས་ཉམས་བཞིན་པའི་མཚོན་རྟགས་ངན་པ་ཤིག་གམ།ཡང་ན་མིའི་ལྷན་སྐྱེས་ཀྱི་དབྱངས་རྟ་འགག་བཞིན་པའི་གནད་དོན་གཞན་ཞིག་ཀྱང་ཡིན་སྲིད། ཏག་ཏག་སྐབས་འདི་འདྲ་ཞིག་ལ་<<སྒེར་གཅོད>>ཀྱིས་འགན་འཁྲིའི་འདུ་ཤེས་ཤིག་དང་ན་ཟུག་གི་ཚོར་བ་ཞིག་དྲུད་ནས་སླེབས་བྱུང་། <<སྒེར་གཅོད>>ནི་ཡུལ་གྱར་པའི་འཚོ་གནས་ཤིག་ནས་གཏན་ཚིགས་ཀྱི་རང་གཤིས་སྦྲུམ་པའི་ལོ་ཆུང་སྤྲུལ་སྐུ་ཞིག་གི་མདུན་བསྐྱོད་ཀྱི་ཚོད་ལྟ་ཐེངས་ཤིག་ཡིན་སྲིད་ལ། ས་མཐའི་གྲུ་ཟུར་ཞིག་ན་འཕག་འཚག་བྱེད་ཀྱིན་པའི་མི་སེམས་རློན་པ་ཞིག་གི་ཚོར་སྣང་ལས་བྱུང་བའི་ན་ཟུག་གི་འོ་དོད་དངོས་ཀྱང་ཡིན་པས། ངའི་སེམས་ཀྱི་རྨ་ཁ་ཁྲག་ཡིན་ལ   ཁྲག་ཐིགས་གི་འཕར་རྩ་རེ་རེ་ན    དངོས་གཏན་མེད་པའི་བཟོད་བྲལ་གྱི་སྡུག་བསྔལ་ཞིག   འདི་ནི<<སྒེར་གཅོད>>ཀྱིས་ཐེག་ཏུ་དཀའ་བའི་ནང་སེམས་ཀྱི་སྐྱོ་གདུང་དམར་པོ་རེད།  འདི་ལས་ང་ཚོར་བསྟན་བྱུང་བ་ནི་གསོན་པོར་འཕག་འཚག་རྒྱག་བཞིན་པའི<<སྒེར་གཅོད>>ཀྱི་འགན་འཁྲིའི་འདུ་ཤེས་རེད།སྐབས་འདིར་ངས་ད་གཟོད་ན་ཟུག་ཡོད་ཚེ་འགན་འཁྲི་ཡོད་ཅེས་པའི་སྙན་ངག་པ་ཞིག་གི་སྒེར་གཤིས་ལྟ་བུའི་སྡོམ་ཚིག་དེ་དྲན་བྱུང་།རྒྱུ་མཚན<<སྒེར་གཅོད>>ཀྱིས་ཁུར་དུ་བླངས་པའི་སྐྱོ་གདུང་དེ་ནི་རང་ཉིད་ཁོ་ནའི་བདེ་སྡུག་ཙམ་ལ་གྱེར་བ་ཞིག་མ་ཡིན་པར།སྤྱི་ཡོངས་ཀྱིས་ཐེག་པར་དཀའ་བའི་གནས་བབ་ཅིག་བརྗོད་བཞིན་ཡོད་པ་མ་ཟད།དེ་རིང་གི་མཐོང་སྣང་ན་འགྱེལ་བཞིན་པའི་ཚེ་སྲོག་མང་པོ་ཞིག་གི་ཁྲག་མདོག་གི་མྱ་ངན་ཚོར་བས་རེད།སྐྱ་ཧྲང་ཧྲང་དུ་གནས་པའི་འཚོ་གནས་ཤིག་གི་ཉེན་ཁ་གསར་བ་མཐོང་བས་རེད།འདི་ལྟར་བསམས་ན  ངུ་འབོད་ཀྱི་ཀི་སྒྲ་སྒྲོག་འདོད   ཨ་ཨ་་་་་་སེམས་ཀྱི་མེ་ལྕེ་དམར་པོ་ཇི་ལྟར་བརྗོད་དགོས      ང་ཡི་རྒྱང་རིང་གི་ཕ་གཞིས་སྣུམ་པོ འདི་ལས་ང་ཚོས་ཅི་ཞིག་རྟོགས་ཐུབ་བམ། སྤྱིར་བཤད་ནའང་མིའི་སེམས་ནང་གི་ཚོར་བ་དངོས་ནི་སྐད་ཆས་ཀྱང་ཐད་ཀར་མཚོན་མི་ཐུབ་པས<<སྒེར་གཅོད>>ཀྱིས་ཀྱང་མེ་ལྕེ་ལྟ་བུའི་སེམས་ནང་གི་ཚོར་བ་དེ་རང་ཉིད་ཀྱིས་ཉིན་མཚན་དུས་དྲུག་དུ་དྲན་བཞིན་པའི་ཕ་གཞིས་སྣུམ་པོར་བརྗོད་མ་ཐུབ་པའི་འཁང་སེམས་དེ་ལ་ང་ཚོས་བདེན་ཁ་མི་སྟེར་རང་སྟེར་ཏུ་ཆགས་ཡོད། འདི་ལས་ཁོས་ཅི་ཡང་བརྗོད་མ་ཐུབ་པའི་བཅོས་མིན་གྱི་ཚོར་ཤེས་ཟབ་མོ་དེ་སྦ་གསང་ཅི་ཡང་མེད་པར་ང་ཚོའི་སྤྱན་ལམ་དུ་བསྟར་བ་ནི་སྙན་ངག་འབྲི་མཁན་ཞིག་གི་བཅོས་མིན་གྱི་རང་གཤིས་ངོ་མ་ཕྱིར་ཀློག་པ་པོ་དག་ལ་གསལ་རྗེན་དུ་བསྟན་པས་ཡིན་སྲིད།
རྨི་ལམ་ལྟ་བའི་འཇིག་རྟེན་ན     དམྱལ་བ་ལྟ་བུའི་དྲན་ཤེས་ཀྱིས་ཁྱེད་ཚོར་སྒུག་བཞིན་ཡོད   ད་དུང་སྒུག་བཞིན་ཡོད དཔའ་རྒོད་ཚོ  འདི་ལྟར་ཉམས་དམའ་བའི་འཚོ་གནས་གཉིས་ཀྱི་གདོང་རིས་འཚོལ་བཞིན་པའི<<སྒེར་གཅོད>>ཀྱིས་རང་གཤིས་བརྟན་པོ་ཞིག་དང་བཀྱེད་ཡངས་ཀྱི་སྙིང་སྟོབས་ཤིག   ཡང་ན་འཚོལ་སྙེག་གི་བློས་བསླངས་གསར་བ་ཞིག་བསྣབས་ཏེ་ཕེབས་བྱུང་བས།  འདི་ནི་བཙན་བྱོལ་སྤྱི་ཚོགས་བྲན་གཤིས་ལས་གྲོལ་བའི་དུང་བརྡ་ལྟ་བུར་བཤད་ཀྱང་མི་ཆོག་པ་མེད་པར་སྣང་།  རྒྱུ་མཚན<<སྒེར་གཅོད>>ཀྱིས་ད་ལྟའི་བར་དུ་རང་གིས་བདམས་ཟིན་པའི་ལམ་ཁ་དེ་རང་ཉིད་ཀྱིས་འཚོལ་རྒྱུ་ལས་ཚོགས་སྡེ་དང་མི་ཆེན་སུ་ཞིག་ལའང་ཁ་གཡང་དང་ངོ་བསྟོད་ཀྱི་ཚིག་འབྲུ་གཅིག་ཀྱང་སྐྱོར་མྱོང་མེད་ལ། དེ་ལས་ཀྱང་ཤེས་དགོས་པ་ཞིག་ནི་ཚང་མས་རྒྱུན་ཐག་གཅིག་གི་སྟེང་ན་གཅིག་མཚུངས་ཀྱི་རྟིང་སྐུལ་ཙམ་ལ་སྐྱབས་སུ་རེ་བའི་འདོད་བློ་དེ་ཡང་ཡོངས་སུ་དོར་ཚར་བས་ཡིན། མཐའ་དོན།  <<སྒེར་གཅོད>>ནི་བྱེར་གྱུར་བོད་པ་ཚང་གི་བྲན་གཤིས་སྲུངས་མ་ཐུབ་པའི་བསམ་བློའི་སྒེར་གཅོད་ཅིག་ཡིན་ལ། གཞིས་སྡོད་བོད་མི་ཚོའི་ཁྲག་རྒྱུན་གྱིས་བསླངས་པའི་རིགས་ཞེན་གྱི་ངར་ཤུགས་དེ་ལས་མ་འདས་སོ།
                      ༢༠༡༠ལོའི་ཟླ་༤  ༢༩ཉིན་བྲིས།
སྙན་ངག་ནི་ཐ་སྙད་ཡོད་ཚད་བཙོ་སྦྱང་བྱས་པའི་ཉིང་བཅུད་ཡིན།
                             ——ཁྲི་སེམས་དཔའ་ལགས་ནས་སྙན་ངག་པ་འབྲོང་ལགས་ལ་བཅར་འདྲི་བྱས་པ།
    ཁྲི་སེམས་དཔའ།   སྐུ་ཞབས་འབྲོང་ལགས། བདེ་མོ་ཡིན་ནམ།
    འབྲོང་། བདེ་མོ་ཡིན། ཉིད་ནས་དེ་རིང་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་ང་འཚོལ་དོན་ངས་གཞི་ནས་རྟོགས་ ཀྱིན་འདུག  ང་ལྟ་བུ་ལའང་སྣང་འཇོག་འདི་འདྲ་མཛད་པར་བཀའ་དྲིན་ཞུ། ད་ང་ལ་གང་ཞིག་འདྲི་འདོད་པ་དེ་ཐད་ཀར་དུ་དྲིས་དང་། ངས་ཤེས་ཚོད་ཀྱིས་ལན་གདབ་ངེས་ཡིན།
    ཁྲི་སེམས་དཔའ། ཁྱེད་ཉིད་ཐོག་མར་སྙན་ངག་གསར་རྩོམ་གྱི་ལམ་ལ་ཞུགས་དུས་ནི་རྩོམ་རིག་གི་མཁའ་ དབུགས་ཧ་ཅང་ལེགས་པའི་དུས་སྐབས་ཤིག་ལ་འཁེལ་འདུག  དེ་ནི་ཁྱེད་རང་ལམ་འདིར་ཞུགས་པའི་རྒྱུ་མཚན་དུ་ཨེ་འགྲོ། ཡང་ན་རྐྱེན་གང་ཞིག་གིས་བསྐུལ་ཏེ་གསར་རྩོམ་གྱི་ལམ་དུ་ཞུགས་པ་ཡིན་ནམ།
    འབྲོང་། སྐབས་དེ་ནི་རྩོམ་རིག་གི་མཁའ་དབུགས་ཧ་ཅང་ལེགས་པའི་དུས་ཞེས་ན་ཅུང་ཐལ་ཆེ་བར་ འདུག་མོད། ཡིན་ན་ཡང་། ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནི་རང་རེའི་བོད་ལ་རྩོམ་རིག་གསར་བའི་མྱུ་གུ་ འབུས་ནས་ཡུན་རིང་མ་སོང་བའི་ཐོག་མའི་དུས་སྐབས་ཙམ་རེད། རྩོམ་རིག་ཀྱང་ལོ་རྒྱུས་ཀྱི་གོམ་འགྲོས་དང་དུས་རབས་ཀྱི་འཕེལ་འགྱུར་དང་བསྟུན་ ནས་རྙིང་བ་ནས་གསར་བ་དང་། ཡང་རྙིང་བ་ནས་གསར་བར་གྱུར་དང་འགྱུར་དགོས་པ་ཆོས་ཉིད་རེད། འདི་ལ་ཐོག་མའི་གསར་གཏོད་པ་དང་གདོང་མཆོང་པ་ཁག་ཅིག་ངེས་པར་དུ་མཁོ་བ་རེད། དེས་ན་ངས་འདིར་སྐུ་ཞབས་དོན་གྲུབ་རྒྱལ་ལགས་མི་གླེང་ཀ་མེད་རེད། སྤྱིར་ན་སྐུ་ཞབས་ཁོང་ནི་བོད་ཀྱི་རྩོམ་རིག་གསར་བའི་རྨང་འདིང་མཁན་ཡིན་ལ། ནང་སྒོས་སུ་སྐབས་ཐོག་དེར་ཁོང་ཉིད་ང་ཚོའི་སློབ་གྲྭརམཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭདགེ་ རྒན་གྱི་ཕྱག་ལས་གནང་བར་ཕེབས་པས། སློབ་གྲྭ་ཡོངས་སུ་གྲགས་འགུལ་མི་དམན་པ་ཞིག་བྱུང་བ་དང་། རྩོམ་རིག་གསར་རྩོམ་གྱི་རླབས་ཕྲེང་ཞིག་ཀྱང་སློབ་གྲྭའི་ཁོར་ཡུག་ཀུན་ཏུ་དལ་ གྱིས་གཡོས་བྱུང་། རྐྱེན་དེའམ་སྐབས་དེའི་ཚད་ཡོད་པའི་དུས་དེབ་རེ་འགའ་དང་། ཡང་ན་ཨ་གསར་གྱི་བསམ་བློ་གང་ཞིག་གིས་རྒྱུ་བྱས་པ་མི་ཤེས་མོད། གང་ལྟར་ང་ཚོའི་འཛིན་གྲྭ་རུ་ཡང་རྩོམ་རིག་གསར་རྩོམ་ལ་དགའ་མོས་ཆེ་བའི་སློབ་ གྲོགས་རེ་འགའ་བྱུང་བ་སྟེ། ཁོང་ཚོ་ནི་ད་ལྟའི་བོད་ཀྱི་རྩོམ་སྟེགས་སུ་ཅུང་སྙན་གྲགས་ཆེ་བའི་རྩོམ་པ་པོ་ སྟག་འབུམ་རྒྱལ་དང་། དོན་གྲུབ་ཚེ་རིང་། ལུང་རིན་ཆེན། བཀྲ་བྷ། བཀྲ་ཤིས་དོན་གྲུབ་སོགས་རེད། རྗེས་སོར་ང་ཚོའི་འཛིན་གྲྭ་ལརྩོམ་པ་པོའི་འཛིན་གྲྭཞེས་པའི་མིང་ཞིག་ཀྱང་ ཐོགས་པར་གྱུར།
    ཁྲི་སེམས་དཔའ། ཁྱེད་ནི་བོད་ཀྱི་སྙན་ངག་གི་སྟེགས་བུའི་སྟེང་གོ་ས་ངེས་ཅན་ཟིན་ཡོད་པའི་སྙན་ངག་པ་ཞིག་རེད། ཁྱེད་ཀྱིས་བརྩམས་པའི་སྙན་ངགཆེ་ཆུངདངཆུང་མ་གཉིད་ཟིན  ངས་སྙན་ངག་འབྲི་བཞིན་ཡོད》《ལྷ་ས  ལྷ་ས ལྷ་སསོགས་ བརྩམས་ཆོས་སྐོར་ཞིག་གིས་ཀློག་པ་པོར་བག་ཆགས་ཟབ་མོ་བཞག་ཡོད། ཡིན་ཡང་། བལྟོས་བཅས་ཀྱིས་ཁྱེད་ལ་སྙན་ངག་བརྩམས་ཆོས་མང་པོ་མི་འདུག  ཁྱེད་ཀྱིས་གྲངས་སྤུས་གཉིས་ལ་ཇི་ལྟར་ལྟ་བ་ཡིན།
    འབྲོང་། ཉིད་ཀྱི་གདེངས་འཇོག་དེ་ང་ལ་དེ་འདྲ་འཚམ་པོ་ཞིག་མ་རེད། ངས་ནམ་ཡང་རང་ཉིད་ཚད་ལྡན་གྱི་སྙན་ངག་པ་ངོ་མ་ཞིག་ཏུ་འདོད་ཀྱིན་མེད།ད་ལྟའི་བར་ རང་ཉིད་ཀྱི་ཞེ་སེམས་དཀྲུགས་ཤིང་མི་རིགས་ཀྱི་ཤ་ཁྲག་འཁོལ་ནུས་པའི་བརྩམས་ཆོས་ ཤིག་ཐོན་མ་ཐུབ་པས་ཡིན། འདིར་ཉིད་ནས་བརྩམས་ཆོས་ཀྱི་གྲངས་སྤུས་གཉིས་ཐད་ཀྱི་འདོད་ཚུལ་ཞིག་ཤོད་ཟེར་ན་ འདི་ལྟར་ལབ་པར་འདོད་དེ།བརྩམས་ཆོས་ཀྱི་གྲངས་ཀ་དང་སྤུས་ཀ་གཉིས་ནི་ཕན་ཚུན་འདྲ་ མཚུངས་སུ་བསྡུར་ཆོག་པ་ཞིག་མ་རེད། བརྩམས་ཆོས་གྲངས་མང་པའི་རྩོམ་པ་པོའི་བརྩམས་ཆོས་དེ་སྐལ་བརྒྱར་མི་ནུབ་པའི་ངེས་ པ་མེད་ལ།ཡང་རྩོམ་པ་པོ་ལ་ལས་མི་ཚེ་གང་པོར་བརྩམས་ཆོས་རེ་འགའ་ལས་མ་བྲིས་ན་ཡང་ ལོ་རྒྱུས་ཀྱིས་ནམ་ཡང་དེ་བརྗེད་མི་སྲིད་པ་རེད། དཔེར་ན། ཨ་མེ་རི་ཀའི་བརྩམས་སྒྲུང་རིང་མོསྐྱོམ(飘)ཞེས་ པའི་རྩོམ་པ་པོ་མཱ་ཀི་ལི་ཐི་མེ་ཆེར་ལྕམ་མོར་མི་ཚེ་གང་པོར་བརྩམས་ཆོས་དེ་གཅིག་ པུ་ལས་མེད་པ་ལྟ་བུ་རེད། ལྷག་པར་དུ་སྙན་ངག་ནི། བཀླགས་ཚར་རྗེས་ཡིག་འབྲུ་རེ་རེ་ཀློག་པ་པོ་རང་ཉིད་ཀྱིས་སེམས་གཏིང་ནས་བརྗོད་ འདོད་པ་དེ་ཡིན་ཞིང་། ཡང་རང་ཉིད་ནས་བརྗོད་མི་ནུས་པ་ལྟ་བུ་ཞིག་ཡིན་དགོས་འདོད། གལ་ཏེ་གསར་རྩོམ་ལ་ཞུགས་པའི་ལས་དང་པོ་བ་ཞིག་ལ་མཚོན་ན་གྲངས་ཀ་ནས་སྤུས་ཀའི་བར་ དུ་བརྒྱུད་རིམ་ཞིག་ཡོད་དགོས་པ་རེད། དེ་ནི་སྦྱོར་བརྡར་རེད། དེ་ཡང་རོལ་མྱོང་དང་འཚོལ་སྙེག  གསར་ སྐྲུན་སོགས་མུ་ནས་མུ་རུ་བྱེད་པའི་གོ་རིམ་དེ་རེད། དེ་ལྟར་སྙན་ངག་གི་ཡིད་བརྙན་འཛོམས་པའི་དུས་སུ་ད་གཟོད་སྙན་ངག་གིས་མི་སེམས་ སྒུལ་ནུས་ལ།ད་གཟོད་སྤུས་ཀའི་ཕྱོགས་སུ་འཕུར་མཆོང་བྱེད་ཐུབ་སྙམ།
   ཁྲི་སེམས་དཔའ། ཁྱེད་ཀྱིས་བྲིས་པའིཆུང་མ་གཉིད་ཟིན   ངས་སྙན་ངག་འབྲི་བཞིན་ཡོདལྟ་ བུར་མཚོན་ན་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་མྱོང་པ་མ་ཟད། བདམས་དེབ་མང་པོའི་ནང་བདམས་འདུག  ཁྱེད་རང་གིས་བལྟས་ན་སྙན་ངག་དེའི་ལེགས་ཆ་གང་དུ་འདུག་སྙམ། 
   འབྲོང་། ངས་བལྟས་ན་སྙན་རྩོམ་དེ་ཀློག་པ་པོ་དག་གི་མྱོང་རོལ་བྱེད་སྟངས་ཤིག་ལ་མཐུན་པར་ གྱུར་པའམ་ཡང་ན་སེམས་ཀྱི་རྨ་ཁ་གང་ཞིག་ལ་ཐོགས་རེག་བྱུང་བས་ལོས་ཡིན་སྙམ། དེ་མ་གཏོགས་ངས་ད་ལྟ་ད་དུང་ཡང་སྙན་ངག་དེ་ཚད་ལྡན་གྱི་སྙན་ངག་ཅིག་ཏུ་འདོད་ ཀྱིན་མེད། གལ་ཏེ་ཉིད་ནས་སྙན་ངག་འདིའི་ལེགས་ཆ་ཞིག་ས་བཙལ་རྡོ་བཙལ་བྱས་ནས་འཆད་དགོས་ཟེར་ ན། དེ་ནི་རང་མི་རིགས་ཀྱི་འཚོ་གནས་ཁོར་ཡུག་དང་སྤྱི་ཚོགས་གནས་བབས་ལ་བཅངས་པའི་ གདུང་སེམས་དེ་སེམས་ཀྱི་ཚོར་རྟོག་གང་རུང་ནས་མཆེད་དེ། ཚིག་གི་མངོན་ལྐོག་ཅི་རིགས་སུ་ཁྱབ་པ་དེ་ལོས་ཡིན་འདོད།
  ཁྲི་སེམས་དཔའ། ཁོ་བོ་ནི་ཁྱེད་ཀྱི་སྙན་ངགསྐྱོབ་ཐབས་མེད་པའི་མི་དེཞེས་ པ་ཀློག་པར་ཤིན་ཏུ་སྤྲོ། སྙན་ངག་དེ་ནི་ཁྱེད་རང་ཉིད་ཀྱི་བསྡུས་གཟུགས་ཤིག་ཡིན་པར་འདོད་ལ། ཡང་གཅིག་བཤད་ན། སྙན་ངག་གི་རྒྱལ་སྲས་གང་ཞིག་སྒྱུ་རྩལ་འཚོལ་སྙེག་གི་ལམ་དུ་སྐྱོད་སྐབས་འཕྲད་ པའི་སྨྲེང་སྐྱོ་དང་། ན་ཟུག  ཨུ་ཐུག་ཐབས་ཟད……མང་པོ་ཞིག་གཟུགས་བརྙན་དང་བཅས་མཐོང་ལམ་དུ་མངོན་འོངས་ཏེ། དཔེར་ན།སྐྱོབ་ཐབས་མེད་པའི་མི་དེ/དེ་ལྟར་ལམ་ལ་ཆས་ཟིན/བསམ་བློ་དང་ཐ་སྙད་ཁོ་ན་ཁྱེར་ ནས/དབུལ་ཞིང་ཕོངས་པའི་ངང་ལམ་ལ་ཆས་ཟིནལྟ་བུའོ། ཁྱེད་ཀྱིས་བལྟས་ན་དེ་འདྲ་རེད་དམ།
   འབྲོང་།  ཉིད་ནས་དེ་ལྟར་བརྗོད་ཀྱང་མི་ཆོག་པ་མི་འདུག  སྤྱིར་ན་སྙན་ངག་ནི་ཆེས་དག་གཙང་གི་སྐད་ཆ་ཞིག་ཡིན་ལ། དེར་བློ་གྲོས་ཀྱི་ཉིད་བཅུད་འདུས་ཡོད་པ་དང་། དེ་ཐད་ཀར་དུ་རྣམ་ཤེས་ཀྱི་གཏིང་རིམ་དུ་འཕྲོ་ཐུབ་པ་ཞིག་ཡིན་པས། འཇར་པན་པས་སྙན་ངག་ནིསྐད་ཆའི་བླ་སྲོགཏུ་གཟུགས་འགོད་བྱེད་པ་ཡིན་ཟེར། དེ་བས་སྙན་ངག་དངོས་མ་ཞིག་རྩོམ་རྒྱུ་ནི་ཤིན་ཏུ་ནས་ཁག་པོ་ཞིག་ཡིན་ལ།  སྙན་ངག་པ་རྣལ་མ་ཞིག་བྱེད་རྒྱུ་ནི་དེ་བས་ཀྱང་དཀའ་མོ་ཞིག་ ཡིན་ངེས། ཡིན་ན་ཡང་། སྙན་ངག་པས་རང་དབང་འཆར་ཡན་གྱི་དག་ཞིང་ཞིག་དཀའ་སྡུག་གིས་འཚོལ་གྱིན་ཡོད། དེ་བས་སྙན་ངག་པ་ནི་རང་རློམ་ཁེངས་དྲེགས་ཀྱིས་བགྲོད་ཀྱིན་ཚེ་སྲོག་གིས་སྙན་ངག་ འབྲི་བཞིན་ཡོད་པས། ཁོ་ཚོས་བྲིས་པའི་སྙན་ངག་གིས་མི་སེམས་སྒུལ་ནུས་ཤིང་། ལན་བརྒྱར་བཀླགས་ཀྱང་སུན་སྣང་མེད་པའི་ནུས་ཤུགས་ཐོན་པ་རེད།
   མི་ཚེ་ནི་ཤིན་ཏུ་དཀའ་སྡུག་ཆེ་བ་ཞིག་རེད་ལ། སྙན་ངག་པས་དཀའ་སྡུག་འདི་དག་དམར་རྗེན་རྗེན་དུ་ཕྱིར་མངོན་དུ་འཇུག་གིན་ཡོད། འདི་ནི་གཞན་གྱིས་འཇོན་མི་ནུས་པ་ཞིག་ཀྱང་ཡིན། སྙན་ངག་པས་རང་ཉིད་ཀྱི་འདུ་ཤེས་སམ་བསམ་བློ་དེ་སྐྱེ་འགྲོ་ཡོངས་ཀྱི་མཁའ་ དབྱིངས་སུ་བཏེགས་ཏེ། འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་ལ་ལྟ་ཞིབ་བྱེད་ཀྱིན་དགེ་སྡིག་དང་མཛེས་བཙོག  དགའ་སྐྱོ། ཆགས་སྡང་སོགས་རང་གི་བླ་སྲོག་གིས་བཙོ་སྦྱང་བྱས་ཏེ། མི་རྣམས་ལ་གསལ་སྟོན་བྱེད་ཀྱིན་ཡོད་པས། གོ་རིམ་འདི་དག་གི་ཁྲོད་དུ་ཉིད་ནས་བཤད་པ་ནང་བཞིན་གྱིསྨྲེང་སྐྱོ་དང་། ན་ཟུག  ཨུ་ཐུག་ཐབས་ཟདསོགས་ཐ་ན་རང་སྲོག་གཅོད་པའི་བསམ་ཚུལ་ཡང་འབྱུང་ངེས་རེད། དེ་བས་སྙན་ངག་པ་ནི་ཁེར་རྐྱང་ཡིན་ལ། ཁེར་རྐྱང་ཡིན་པའི་རྐྱེན་གྱིས་ད་གཟོད་གཞན་དང་ཐུན་མིན་དུ་སོང་ཞིང་། གཞན་དང་ཐུན་མིན་ཡིན་པའི་རྐྱེན་གྱིས་ད་གཟོད་མཚུངས་མེད་ཀྱི་སྙན་ངག་བསྐྲུན་ ཞིང་མི་སེམས་ཀྱི་སྒོ་གླེགས་རྡུང་བ་རེད།
  ཁྲི་སེམས་དཔའ། བོད་ཀྱི་སྙན་ངག་གི་གནས་བབ་ཐད་ནས་རང་གི་དྲན་ཚུལ་མདོར་ཙམ་གླེང་རོགས།
   འབྲོང་། བོད་ཀྱི་སྙན་ངག་ཅེས་ན་ཧ་ཅང་རྒྱ་ཆེ་ལ་གཏིང་ཟབ་པས། དེའི་གནས་བབ་གླེང་བར་ང་ལྟ་བུ་ཞིག་གིས་རྔོ་ཐོགས་དཀའ་བ་ཞིག་རེད། ཡིན་ན་ཡང་། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིསསྙན་ངག་མེ་ལོང་མབོད་ དུ་བསྒྱུར་བ་ནས་བཟུང་། བོད་དུ་སྙན་ངག་པ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཞིང་།  མཆོག་ ཏུ་གྱུར་པའི་སྙན་ངག་གི་བརྩམས་ཆོས་ཀྱང་གང་མང་བྱུང་བ་རེད། འདིས་ཕྱོགས་གཅིག་ནས་བོད་ཀྱི་སྙན་ངག་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་ པོ་ཐོན་པའི་དུས་མཚུངས་སུ། གདོད་མའི་གཤིས་སུ་གྲུབ་པའི་བོད་རང་སྲོལ་གྱི་སྙན་ངག་འཕེལ་རྒྱས་དང་སྙན་ངག་ པའི་ངག་གམ་སྨྲ་བརྗོད་ཀྱི་རང་དབང་ལ་ཚད་བཀག་ཐེབས་པའམ་ཡང་ན་སྤྱི་འགྲོས་ཤིག་ཏུ་ བཟོས་སོང་བ་དེ་རེད།  ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་སྙན་ངག་གི་རྩོམ་སྲོལ་འབྲི་སྟངས་ལ་བཅིངས་ འགྲོལ་ཐོབ་སྟེ།རང་མོས་སྙན་ངག་གི་མགོ་གསར་དུ་དར་བ་རེད། དེས་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་ཕོག་ཐུག་གང་མང་བཟོས་པས།སྙན་ངག་རྐང་ཆག་མདངསྙན་ངག་འཐེང་འགྲོས་མསོགས་ཀྱིཆོ་ལོཡང་དུ་མ་གནང་སྟེ། ཕྱིར་ཕུད་གཏང་གང་ཐུབ་བྱས་མྱོང་། ཡིན་ན་ཡང། དུས་རབས་ཀྱི་གོམ་འགྲོས་དང་མི་མང་གི་བློ་མོས་འགོག་ཐབས་མེད་པས། རང་མོས་སྙན་ངག་ཀྱང་བོད་ཀྱི་རྩོམ་སྟེགས་སུ་རྩ་བ་ཚུགས་ཤིག་རྩེ་མོ་འབུས་ཐུབ་པ་ བྱུང་ཡོད།
  སྤྱིར་ན་རང་མོས་སྙན་ངག་བོད་དུ་དར་ནས་ལོ་ངོ་ཉི་ཤུ་ཙམ་ལས་འགོར་མེད་ན་ཡང་། ངོ་རྒོལ་གྱི་དར་ལྕོག་གང་སར་བཙུགས་ཏེ། མི་གཤིས་ལ་ངོ་རྒོལ་དང་རྒྱུ་འབྲས་ལ་ངོ་རྒོལ། ཆོས་ཉིད་ལ་ངོ་རྒོལ། སྲོལ་རྒྱུན་དང་འབྲེལ་བའི་ཤུལ་བཞག་རིག་གནས་ཡོད་ཚད་ལ་ངོ་རྒོལ་བྱེད་པའི་བསམ་ བློ་སྣ་ཚོགས་འབུས་ཏེ། སྙན་ངག་གསར་རྩོམ་དེ་གོ་རིམ་དང་ངེས་སྲོལ་མེད་པ་ཞིག་ཏུ་གྱུར་བ་དེ་ལས་ཕུགས་ བསམ་ཉམས་རྒུད་བྱུང་རྗེས་ཀྱི་མི་སྒེར་རང་བཞིན་གྱི་ནུས་མེད་འཇོན་བྲལ་དེ་མངོན་ པར་མཚོན་འདུག  དེ་མིན་མི་རིགས་གཞན་གྱི་གཡམ་ལ་བརྒྱུགས་ཏེ།སྔོན་སྐྱོད་པདངཁོག་སྨད་པསོགས་ ཀྱི་གྲུབ་མཐའ་ཁག་ཅིག་ཀྱང་བྱུང་དང་འབྱུང་ མུས་སུ་ཡོད་པ་རེད། དེ་དག་གི་དགེ་སྐྱོན་ལ་གནད་དུ་ཐིངས་པའི་སྤྱི་སྡོམ་འཇོག་དཀའ་མོད། འོན་ཀྱང་ད་ལྟ་ང་ཚོར་མཚོན་ན་གཞུང་སྒེར་གང་རུང་ན་དུས་དེབ་མངམི་སྒེར་གྱི་སྙན་དེབ་དེ་བས་ཀྱང་མངཡང་ འགྲེམ་སྤེལ་ཧ་ཅང་ཉུང་བ་དང་སྙན་ངག་པ་མང་ཡང་སྙན་ངག་བཟང་པོ་ཧ་ཅང་ཉུང་བའི་འུར་ ཟིང་གི་དུས་སྐབས་ཤིག་ཏུ་གནས་པར་མ་ཟད། ད་དུངདྲ་ཚིགསདངམི་སྒེར་སྙན་དེབསོགས་སུ་སྙན་ངག་གི་མཚན་དོན་ཕར་ཞོག་ཐ་ན་ ཚིག་སྦྱོར་དང་ཐོབ་ཐང་གི་ངེས་སྲོལ་ཙམ་ཡང་མེད་པའིགད་སྙིགས་སྙན་ངགཧ་ཅང་མང་ པོ་ཞིག་བྱུང་དང་འབྱུང་བཞིན་པ་ནི་ཤིན་ཏུ་ནས་ཡིད་སྐྱོ་བ་ཞིག་རེད།
   ཁྲི་སེམས་དཔའ། ཁོ་བོས་ཀྱང་སྙན་ངག་ཁ་ཤས་བྲིས་མྱོང་། ལར་སྙན་ངག་ཚན་པ་གཅིག་གྲུབ་རྗེས་སྣང་ངོར་སྙན་ངག་དེ་ཅུང་ལེགས་པོ་འདུག་སྙམ་ པའི་ཚོར་བ་སྟེར། ཡང་སྐབས་འགར། བྲིས་ཚར་བའི་སྙན་ངག་གང་དེས་རྩོམ་མཁན་རང་ཉིད་ལ་ཡིད་འགུལ་ཐེབས་པར་བྱེད་ཅིང་ མིག་ཆུ་འབྱིན་དུ་འཇུག  ཁོ་བོའི་བསམ་ཚུལ་ལ། སྙན་ངག་ལེགས་པོ་ཞིག་ཡིན་ཚེ། ཐོག་མར་རྩོམ་མཁན་རང་ཉིད་ཡིད་འགུལ་ཐེབས་སུ་འཇུག་པ་དེ་འདྲ་ཞིག་ཡིན་དགོས་སྙམ། ཁྱེད་ལ་དེ་འདྲའི་ཚོར་བ་ཡོད་དམ། ཡང་ན་ཁྱེད་ཀྱི་སྙན་ངག་གི་ལེགས་ཉེས་དེ་ཇི་ལྟར་དབྱེ་བ་ཡིན།
   འབྲོང་། དེ་འདྲ་ཞིག་རེད་ཀྱང་རེད་ལ་ཡིན་ཡང་དགོས་རྒྱུ་རེད། རང་གི་བརྩམས་ཆོས་ཀྱིས་རང་ཉིད་ཀྱང་ཡིད་འགུལ་ཐེབས་སུ་འཇུག་མི་ནུས་ན་གཞན་ནི་ སྨོས་ཅི་དགོས། རང་གིས་བྲིས་པའི་སྙན་ངག་ཅུང་ལེགས་པོ་ཞིག་རེད་འདོད་པ་རེ་འགས་རང་ཉིད་ལ་སེམས་ འགུལ་ཐེབས་སུ་བཅུག་ནས་ལན་རེར་མཆི་མ་ཤམ་ཤམ་དུ་བཞུར་འོང་དུས་ཀྱང་ཡོད་སྲིད། ཡིན་ན་ཡང་། རང་ཉིད་གཅིག་པུ་ཡིད་འགུལ་ཐེབས་པ་དེས་ཁྱོད་ཀྱི་སྙན་ངག་དེ་ནི་བཟང་པོ་ཞིག་ཡིན་ པའི་ངེས་པ་མེད་དེ། ད་དུང་མི་གཞན་དག་ཀྱང་ཡིད་འགུལ་ཐེབས་སུ་འཇུག་དགོས་པ་རེད། དེ་ནི་སེམས་ཁོང་གི་སྦྲེལ་ཟམ་ཞིག་བཙུགས་ཏེ། ཁྱོད་ཀྱི་སྙན་ངག་གིས་ཀློག་པ་པོ་བཟི་ཞིང་མྱོས་པར་བྱས་ཏེ། རང་དང་གཅིག་མཚུངས་ཀྱི་ཚོར་འདུ་ལུད་དུ་འཇུག་དགོས་པ་དེ་རེད། ངས་སྔར་ཡང་བཤད་མྱོང་བ་སྟེ།སྙན་ངག་འབྲི་བ་ནི་བླ་སྲོག་གི་གཤག་བཅོས་ཐེངས་ཤིག་དང་། རང་སེམས་ཀྱི་མནར་གཅོད་ཐེངས་ཤིག་རེད།དངོས་གནས་ང་ལ་མཚོན་ན་དེ་འདྲ་ཞིག་རེད། ལན་རེར་སྙན་ངག་ཚན་པ་གཅིག་འབྲི་བཞིན་པའི་སྐབས་དང་ཡང་ན་བྲིས་ཚར་མ་ཐག་འདུག་ བཟོད་མེད་པར་གྱུར་ཏེ། སྨྱོ་ལ་ཁད་དུའང་བཟོ་ཡོང་གི  དེ་བས་ང་སྙན་ངག་འབྲི་བར་ཧ་ཅང་ཞེད་པོ་འདུག་ཅེས་བཤད་ན་གཞན་གྱིས་འཕྱ་སྨོད་ བྱེད་ཀྱང་སྲིད་ངེས།
   སྙན་ངག་གི་ལེགས་ཉེས་ཞེས་ན་དེ་ནི་ཧ་ཅང་ཁག་པོ་ཞིག་རེད། སྤྱིར་ན་སྙན་ངག་ལ་ལེགས་ཉེས་ཀྱི་གཅིག་གྱུར་ཚད་གཞི་ཞིག་ཡོད་དམ། གལ་ཏེ་ཡོད་ན་དེ་ནི་སུས་བཟོས་པ་རེད། དེ་བཟོ་བའི་དབང་ཆ་སུ་ལ་ཡོད། གང་ཞིག་ལ་རྒྱབ་རྟེན་ལུང་བཅོལ་བྱས་ནས་བཟོས་པ་རེད། ཡིན་ན་ཡང་། སྙན་ངག་གི་ལེགས་ཉེས་སམ་དགེ་སྐྱོན་དེ་ནང་དོན་དང་བརྗོད་བྱ་ཁོ་ནའི་སྟེང་ཡོད་པ་ ཞིག་མ་རེད། དེ་ནི་སྙན་ངག་པས་རང་ཉིད་སྙན་ངག་ཅེས་པའི་གསེར་ནག་འདི་དང་ལྷན་དུ་བཙོ་སྦྱང་ བྱས་པའི་གར་ཚད་ལ་རག་ལས་ཡོད་པ་ཞིག་རེད། དབྱིན་ཇུའི་མིང་དུ་གྲགས་པའི་དེངས་རབས་གྲུབ་མཐའི་སྙན་ངག་པ་དང་རིག་རྩལ་དཔྱད་ བརྗོད་པ་ཨེ་ལོས་ཐི་ཡིསསྙན་ངག་ནི་ཁ་བ་སྣག་ཚའི་ཤུལ་རྗེས་སུ་བསྒྱུར་བའི་ཟུག་ གཟེར་རེདཅེས་པ་ལྟར། ང་ཚོས་དོན་བྱ་གང་ཞིག་མྱོང་བརྒྱུད་བྱས་ཤིང་།བརྒྱུད་རིམ་དེ་ཟུངས་ཁྲག་ཏུ་ བསྲེས་ཏེ། སླར་ཡང་དེ་སྣག་ཚ་རུ་བསྒྱུར་ན་ད་གཟོད་ཆེས་རྣལ་མ་དང་ཆེས་མི་སེམས་སྒུལ་བའི་ སྙན་ངག་འབྱུང་ཐུབ་པ་རེད་འདོད།
   ཁྲི་སེམས་དཔའ། ཁོ་བོའི་བསམ་ཚུལ་ལ། དེང་གི་དཔྱད་བརྗོད་པར་རློམ་མཁན་མང་ཤས་ཀྱིས་མཐོང་ཐོས་རེག་ཡུལ་དུ་གྱུར་པའི་ ཐུན་མོང་གི་མྱོང་བ་གང་ཞིག་ཀློག་འགྲེལ་བྱེད་པ་ལས། སྙན་ངག་པའི་འགན་འཁྲིས་བརླམས་པའི་ཡིད་འགྱུར་གང་ཞིག་རིས་སུ་འཁྱུག་པའི་དམིགས་ བསལ་གྱི་ཚོར་བ་དག  ང་ཚོའི་ཁོར་ཡུག་ཏུ་བྱུང་དང་འབྱུང་བཞིན་པའི་དོན་རྐྱེན་སྣ་ཚོགས་པ་དང་། ཡང་ན་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མཐུག་པོ་ཞིག་དང་སྦྱར་ནས་དཔྱད་ཐུབ་མཁན་རེ་ གཉིས་ལས་མི་འདུག  དེ་བས། དཔྱད་བརྗོད་པ་དང་སྙན་ངག་པ་གཉིས་ནམ་ཡང་བར་ཐག་གིས་བཀྱེད་འདུག་ལ། ཕན་ཚུན་སྐུལ་འདེད་ཀྱི་ནུས་པ་ཡང་ཆེན་པོ་ཐོན་ཀྱིན་མི་འདུག ཁྱེད་ཀྱིས་བལྟས་ན་དེ་འདྲ་རེད་དམ། དེར་ཁྱེད་ལ་ལྟ་ཚུལ་ཅི་ཞིག་མཆིས།
   འབྲོང་། ད་ལྟ་ང་ཚོ་བོད་ལ་དཔྱད་བརྗོད་པ་ཧ་ཅང་དཀོན་པོ་རེད། ལྷག་པར་དུ་མིང་དོན་མཚུངས་པའི་སྙན་ངག་དཔྱད་བརྗོད་པ་ནི་བརྒྱ་ལམ་ཙམ་ནའང་རྙེད་ ཁག་པོ་རེད། དེང་སྐབས་ང་ཚོ་བོད་པའི་སྙན་ངག་ཀྱང་སེམས་ཁྲལ་སྐྱེས་སུ་འཇུག་པ་ཞིག་རེད། སྙན་ངག་པར་རློམ་མཁན་མང་ཡང་སྙན་ངག་ཏུ་བགྲང་ཆོག་པའི་བརྩམས་ཆོས་ཉུང་ཤོས་རེད། འདི་ལས་སྙན་ངག་དཔྱད་བརྗོད་ཀྱི་ནུས་མེད་གཅོམ་ཆུང་གི་སྣང་ཚུལ་སྟོན་གྱིན་ཡོད་ ལ། དཔྱད་བརྗོད་ཀྱི་ཁྲིད་སྟོན་ནུས་པ་ཆེ་ཆེར་ཐོན་གྱིན་མེད་པའང་མཚོན་འདུག  ཡང་དཔྱད་བརྗོད་པ་རེ་འགའ་ནས་སྙན་ངག་གི་ཚིག་གྲུབ་དང་སྙན་ངག་གི་སྣང་གཟུགས། སྙན་ངག་གི་ཡིད་བརྙན། སྙན་ངག་གི་རྒྱབ་ལྗོངས། སྙན་ངག་གི་ཤུགས་བསྟན་སོགས་ལ་སྣང་དོག་མི་བྱེད་པའམ་ཡང་ན་མ་རྟོགས་པར་ཕྱི་ངོས་ ཙམ་དང་ཚིག་དུམ་རེ་གཉིས་ལ་འཐམ་ནས། བྱུང་རྒྱལ་དུ་སྨོས་པའི་ཚིག་ཉོག་དག་གིས་ཀློག་པ་པོར་ལོག་སྟོན་དང་སྙན་ངག་གསར་ རྩོམ་ལོག་ཁྲིད་བྱེད་ཀྱིན་ཨེ་ཡོད་སྙམ། དེ་མིན་ད་དུང་རང་རེའི་དཔྱད་བརྗོད་པ་སྤྱི་ལ་ནད་རྙིང་ཞིག་ཡོད་པ་ནིབསྟོད་པཡི་མཆོད་སྤྲིན་གང་སར་གཏིབས་ཀྱིན་པ་དེ་རེད།  སྙན་ངག་ལ་ཡང་སྒྱུ་རྩལ་ལས་སྣེ་གཞན་དག་དང་འདྲ་བར་གཞན་གྱིས་དཔྱད་བརྗོད་དང་དོ་ སྣང་བྱེད་དགོས་པར་མ་ཟད། ད་དུང་རྩོད་གླེང་དང་ཐ་ན་སུན་འབྱིན་དང་རྩིས་མེད་དུ་ཡང་བཏང་ཆོག  དེ་ལྟ་དེ་ལྟར་ང་ཚོས་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ དམིགས་ནས། སྙན་ངག་གསར་རྩོམ་ལ་སྣང་ཚུལ་ལེགས་པོ་ཞིག་དང་། སྙན་ངག་གསར་རྩོམ་གྱི་རྒྱབ་བརྟེན་ཏེ། སྙན་ངག་དཔྱད་བརྗོད་ཀྱི་ལས་འདི་གང་ལེགས་སྒོས་སྤེལ་ན་འོས་སྙམ།
  ཁྲི་སེམས་དཔའ། ཁྱེད་ཀྱི་གསར་རྩོམ་ལྟ་བ་མཚོན་པའིསྙན་ངག་པའི་འགན་འཁྲི་དང་སྙན་ངག་པའི་ན་ཟུགཅེས་ པའི་རྩོམ་དུསྙན་ངག་པའི་རང་ཉིད་ཀྱི་ཁོར་ཡུག་ཆུང་ངུ་ཞིག་ནས་ནད་མེད་འཁུན་སྒྲ་ འབྱིན་པ་དང་། ཚོར་སྣང་མཚར་བོ་ཙམ། ཚིག་སྦྱོར་བདེ་མོ་ཙམ་ལ་ཤི་འཐམ་རོ་འཐམ་མི་བྱེད་པར། མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ་མི་དམངས་ཀྱི་བདེ་སྡུག་ཡིད་དུ་བརྣག་དགོས་ལ། བདེན་དོན་གྱི་རང་སྒྲ་སྒྲོག་དགོསཞེས་བྲིས་འདུག  ཁྱེད་ཀྱིས་བལྟས་ན་བོད་དུ་དེ་ལྟ་བུའི་སྙན་ངག་པ་ཡོད་དམ་མེད། ཡང་ན་ཁྱེད་རང་ཉིད་ཀྱིས་དེ་ལྟ་བུའི་ནུས་ཐོན་ཐུབ་ཡོད་དམ།
    འབྲོང་།  རེད་ཡ། ང་ཚོ་བོད་པའི་སྙན་ངག་པ་དག་ཀྱང་སྤྱི་ཚོགས་འཕེལ་འགྱུར་གྱི་ལོ་རྒྱུས་གོ་རིམ་ ཁྲོད་གནས་ཡོད་ལ། རིག་གནས་ཀྱི་དར་རྒུད། གཞིས་ཡུལ་གྱི་ཆགས་འཇིག  མི་རིགས་སམ་མི་དམངས་ཀྱི་ལས་དབང་སོགས་ལ་རང་ཉིད་ཀྱི་ལྟ་ཞིབ་དང་བསམ་གཞིག  ཐ་ན་ན་ཟུག་གི་མྱོང་གྲུབ་ཀྱང་ཡོད་ངེས་རེད། ཁོ་ཚོས་རང་ཉིད་ཀྱི་བརྩམས་ཆོས་དག་ལས་འདི་དག་ཡོད་ཚད་མངོན་པར་མཚོན་དུ་བཅུག་ སྟེ། སྤྱི་ཚོགས་དང་མི་དམངས་ལ་བསམ་བློའི་རྒྱགས་ཕྱེ་བྲོ་བཅུད་ལྡན་པ་ཞིག་མཁོ་འདོན་ བྱས་ན་འོས། ཡིན་ན་ཡང་། དོན་དངོས་སྟེ་འདི་འདྲའི་རང་རྟོགས་ཀྱི་འདུ་ཤེས་ལྡན་པའི་སྙན་ངག་པ་ཧ་ཅང་དཀོན་ ཞིང་། སྤྱི་ཚོགས་དང་དུས་རབས། མི་རིགས་བཅས་ཀྱི་ན་ཟུག་དང་འོ་དོད། དགའ་སྐྱོ་དང་ཆགས་སྡང་། བླ་སྲོག་དང་བདེན་དོན་སོགས་ཀྱི་འོད་སྣང་མ་ཡལ་བའི་བརྩམས་ཆོས་ནི་དེ་བས་དཀོན་ པར་སྣང་། དེ་བས་སྙན་ངག་པས་ལོ་རྒྱུས་ཀྱི་ལས་སྐལ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ བླངས་ཏེ། མི་དམངས་དང་གཞིས་ཡུལ། མི་རིགས་བཅས་དང་ཤི་གསོན་མཉམ་གནས་ཀྱི་ལས་དབང་ཐེགས་པར་བྱ་དགོས།
   ཕྲན་རང་ཉིད་ནས་དེ་འདྲའི་ནུས་པ་ཐོན་གྱིན་མེད་པ་ཀུན་གྱི་མིག་མཐོང་ལག་ཟིན་རེད་ ལ། རང་ཉིད་ལ་དེ་འདྲའི་འཇོན་ཐང་ཡང་མི་འདུག  ཡིན་ན་ཡང་། ངས་བརྩམས་ཆོས་གང་ཞིག་འབྲི་ན་ཡང་སྤྱི་ཚོགས་དང་དུས་རབས། གཞིས་ཡུལ་དང་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་གྱི་གཏིང་རིམ་ན་འཚེར་བའི་བླ་སྲོག་ དེ་བརྗེད་ཀྱིན་མེད། རྒྱུ་མཚན་ནི་རང་ཉིད་སྤྱི་ཚོགས་འདི་དང་དུས་རབས་འདིའི་མི་རབས་ཁྲོད་ཀྱི་གཅིག་ ཡིན་པ་དང་། གཞིས་ཡུལ་འདི་དང་མི་རིགས་འདིས་ནུ་ཞོས་གསོས་པའི་བུ་ཕྲུག་ཅིག་ཡིན་པའི་རྐྱེན་ གྱིས་ཡིན།
   ཁྲི་སེམས་དཔའ། ལ་ཤས་ཀྱིས་སྒྱུ་རྩལ་ཡོད་དོ་ཅོག་རང་རང་གི་འདོད་མོས་ལ་བསྟུན་པའམ་ཡང་ན་རང་གི་ ཆེད་དུ་ཡིན་པར་རློམ། སྐད་ཆ་དེ་འདྲ་བཤད་མཁན་ནི་རང་རེ་ཚོའི་ཁྲོད་དུ་ཡོད་ལ། འཛམ་གླིང་གི་གྲགས་ཆེ་བའི་མཁས་པའི་ཁྲོད་དུ་ཡང་ཡོད།  དེར་ལྟ་ཚུལ་ཞིག་གླེང་ན་ཆོག་གམ། 
    འབྲོང་། འདི་ནི་དྲི་བ་ཅུང་ཁག་པོ་ཞིག་རེད། འོན་ཀྱང་ངས་བསམ་ན་དེ་ནི་སྒྱུ་རྩལ་གསར་རྩོམ་པ་རང་ཉིད་ཀྱི་དགོས་མཁོ་གང་ཞིག་ སྟེ། རྒྱུ་ཟོག་གི་དགོས་མཁོ་དང་བསམ་བློའི་དགོས་བསྐང་བའི་ཕྱིར་འདོད་ཀྱིན་པ་འདྲ། ལྷག་པར་དུ་ཚོང་ཟོང་དཔལ་འབྱོར་གྱི་དུས་འདིརསྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་ གཉེར་མཁནཅུང་དཀོན་པོ་ཡིན་རྒྱུ་རེད།སྒྱུ་རྩལ་ནི་རང་ཉིད་ཀྱི་ཆེད་དུ་རློམནའང་མི་ཆོག་པ་ཆེར་མི་འདུག  ཐོག་མར་ཁྱོད་རང་ཉིད་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་བསྟེན་ནས་རང་གི་ཁེ་གྲགས་ཇེ་ མཐོར་བཏང་ཆོག་ཆོག་རེད། ཁེ་ནི་འཚོ་གནས་ཀྱི་གནད་དོན་རེད་ལ། གྲགས་ནི་གོང་བཀུར་ཀྱི་གནད་དོན་རེད། དེ་ལྟར་འཚོ་གནས་ཀྱི་རྨང་གཞིའི་སྟེང་ནས་སྙན་གྲགས་རྒྱས་ཚེ། ཁྱོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དེ་ལ་ཀུན་གྱིས་ཁས་ལེན་དང་རིན་ཐང་ཡོད་པའང་ རྟོགས་ཐུབ་ལ། མཐར་ཁྱོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དེས་མི་དམངས་ལ་ཞབས་འདེགས་ཀྱང་ཞུ་ཐུབ་ངེས་ རེད། འོན་ཀྱང་ང་ཚོ་ལསྒྱུ་རྩལ་དཀའ་ཐུབ་པའིསྙིང་སྟོབས་ཀྱང་མེད་དུ་མི་རུང་བ་ཞིག་ རེད་འདོད། ཁོ་ཚོས་རང་ཉིད་བློས་བཏང་གིས་སྒྱུ་རྩལ་ཁོ་ན་གཉེར་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཡོད་ཚད་དམིགས་པའི་བསམ་བློ་ དེས་ང་ཚོ་ལ་རྟོག་སད་དང་བློ་སྒོ་གཞན་ཞིག་ཀྱང་འབྱེད་ངེས།
  ཁྲི་སེམས་དཔའ།  མཇུག་ཏུ། རང་དང་ན་མཉམ་པའི་བོད་ཀྱི་སྙན་ངག་པ་དང་རྗེས་རབས་པ་རྣམས་ལ་ཅིས་ཀྱང་ཚིག་ཀ་འགའ་ བརྗོད་རོགས་ཞེས་བསྐུལ་ཚེ། འཆད་འདོད་པ་དེ་ཅི་ཞིག་ཡིན་ནམ།
    འབྲོང་། ད་ངས་གོང་གི་དྲིས་ལན་དག་ལས་ཕལ་ཆེར་བཤད་ཟིན་པ་འདྲ། ཡང་ཡིན་གཅིག་མིན་གཉིས་ཚིག་འགའ་བཤད་དགོས་ཟེར་ན། སྙན་ངག་ནི་ཐ་སྙད་ཡོད་ཚད་བཙོ་སྦྱང་བྱས་པའི་ཉིང་བཅུད་ཡིན་ལ། དེ་ནི་ས་ཆེན་པོ་འདི་དང་མིའི་རིགས་འདིའམ་འགྲོ་བ་ཡོད་དོ་ཅོག  དེ་མིན་མི་རིགས་འདིའི་ཤ་དང་རྐང་གི་གཏིང་ནས་གཞིབ་ཏེ། རང་ཉིད་ཀྱི་ཟུངས་ཁྲག་དང་རྔུལ་ཆུ་རུ་བསྲེས་ནས་ཟོལ་གྱི་མ་བཅོས་ཤིང་གཡམ་ལ་མ་ རྒྱུག་པའི་གཙང་ལྷང་ལྷང་གི་ཚིག་སྦྱོར་སྤེལ་རྒྱུ་དེ་ཡིན།
   ཁྲི་སེམས་དཔའ། བདག་གི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ་ཞུ།
    འབྲོང་། བཀའ་དྲིན་ཆེ། ཁ་དྲོ།

སྙན་ངག་སྐོར་གྱི་ཇ་ཞོར་ཁ་བརྡ།__སེང་རྡོར།
ཀ སྐུ་ཁམས་བཟང་། ཉིན་འགའི་སྔོན་ལ་ཁྱེད་ཀྱི་སྙན་དེབ་གསུམ་པ<<ཉག་གའི་ལྗང་སེར་གློ་དམར>>ཞེས་ པ་ལག་སོན་བྱུང་། གཞུང་གི་ཡིག་གཟུགས་ཅུང་ཆུང་བ་དང་དཔར་ཁང་གི་ལག་རྩལ་གྱིས་མ་ལྡེང་བའི་སྐྱོན་ ཏོག་ཙམ་མཆིས་པ་མ་གཏོགས། དངོས་གནས་ཆ་ཚང་ཞིང་གསར་ཐག་ཆོད་པ་ཞིག་རེད། ཁོ་བོ་ཁྱེད་ཀྱི་སྙན་ངག་ལ་རབ་ཏུ་སྤྲོ་མཁན་ཞིག་ཡིན་ཆ་ནས་ད་ལན་དྲི་བ་འགའ་འདོན་ རྒྱུ་ཡོད། རྗེས་སོར་དབྱིན་བསྒྱུར་བྱེད་པའི་གོ་རིམ་ཁྲོད་ཉིད་ལ་སྙན་སེང་ཞུ་དགོས་པ་མང་ པོ་འབྱུང་ངེས་པས་དྲན་ཚུལ་ལྷུག་པོར་བརྗོད་རྒྱུ་གལ་ཆེ།
ཁ དེ་ག་རང་ རེད། དེབ་འདིའི་གློག་པར་བཟོ་སྟངས་དང་དཔར་ཁང་གིས་གཏུབ་གཅོད་བྱས་པ་སོགས་ལ་སྣང་བར་ མི་འགྲོ་བའི་ཆ་འགའ་ཞིག་ཐོན་འདུག དེ་མིན། ཡིག་གཟུགས་ཅུང་ཆུང་བ་དང་ཚེག་བར་ཅུང་དམ་པ་སོགས་ནི་བསམ་གཟས་ཀྱིས་ཡིན། ཉུང་ངུ་མང་པོར་བསྐྱེད་ཅིང་སྲབ་བུ་རྒྱགས་པར་སྤྲུལ་པའི་རྣམ་པ་རྫིག་པོ་ཞིག་བཟོས་པས་མི་ཕན་སྙམ་སྟེ་བསྐྱུར་བཞག ལག་ནང་འཁྱེར་བདེ་ཞིང་གློ་ཁུག་ལ་ལྟེབ་གོར་བྱས་ཏེ་བཅུག་ཀྱང་ཡོང་བའི་བོངས་ཚད་ཤ་ཚ་ལེ་འདི་འདྲ་ཁོ་བོས་ཆེད་མངགས་ཀྱིས་བཟོས་པ་ལགས།  
ཁྱེད་ སོགས་ཀྱིས་ཁོ་བོའི་སྙན་ངག་དག་ཕར་དབྱིན་ཡིག་སོགས་སུ་བསྒྱུར་པར་བཀའ་དྲིན་ཞུ་ ཟེར་དགོས་ལས་ཆེ་མོད། མ་ཡིག་གི་དོན་ཇི་བཞིན་པ་ཞིག་ཡོང་ཐབས་བྱེད་རྒྱུ་ཅིས་ཀྱང་ཐུགས་ལ་འཛིན་དགོས་སོ།
ཀ མི་ལ་ལས་སྙན་ངག་ཅེས་པ་ཡོང་དཀའ་ཞིང་རྩོམ་མི་ཐུབ་པ་ཞིག་ཡིན་པར་བཤད། ཡང་ལ་ལས་སྙན་ངག་ནི་སུས་ཀྱང་བྲི་ཆོག་ལ་གང་གིས་ཀྱང་བྱེད་ནུས་པ་ཞིག་ཡིན་པར་བརྗོད། ཁྱེད་ནི་དེ་གཉིས་ཀྱི་གང་ལ་གཏོགས།
     ཁ ཁོ་བོས་ནི། སྙན་ངག་པ་མི་ཡིན་པ་དང་སྙན་ངག་ནི་མིས་བྲིས་ཏེ་ཡོང་བ་དང་ ང་ཚོ་ཡང་མི་ཡིན་པ་བཅས་ཀྱིས། དེ་འདྲའི་ཐུབ་དཀའ་ཤིན་ལྐོག་ཅིག་ཨེ་རེད་དམ་སྙམ། ཡིན་ཡང་། སྙན་ངག་ནི་དཀྱུས་མའི་སྐད་ཆ་ཙམ་མིན(སྐད་ཆ་ཙམ་ཡིན་ན་སྙན་ངག་ཅེས་པའི་མིང་ཟུར་ བ་ཞིག་དགོས་དོན་མེད)པར་མཚོན་སྟོབས་དང་འདྲེན་ཤུགས(མཚོན་སྟོབས་ཆེ་བའི་དབང་ གིས་སྙན་ངག་ཏུ་གནམ་ས་ཤོངས་ཐུབ་ཅེས་པའི་གྲགས་ཚིག་བྱུང་བ་ཡིན་ལ་འདྲེན་ཤུགས་ ཆེ་བའི་རྐྱེན་གྱིས་ད་ལྟའི་བར་སྙན་ངག་ལྟ་ཀློག་པ་དང་འབྲི་རྩོམ་པ་འཁྲུག་པོར་ ཡོད་པ་འདིའོ)ཀྱི་བདག་ཉིད་ཅིག་ཡིན་པ་རང་རེ་ཀུན་ལ་མྱོང་བས་གྲུབ་ཕྱིར། སྟབས་སླ་པོས་བྲི་མི་ནུས་པ་རང་བདེན་ནོ་སྙམ།
      ཀ སྙན་ངག་ནི་ཚིག་མིན་ཞེས་ཟེར་མཁན་ཡོད་པས་དེ་ཅི་ལྟར་འགྲེལ་ལམ།
      ཁ སྙན་ངག་གི་དགོས་པ་དང་ཉིང་དགོས་གཉིས་ཚིག་ མིན་ཞེས་བརྗོད་མཁན་ཡོད་ན་མ་གཏོགས། སྤྱིར་སྙན་ངག་ལ་ཚིག་མི་དགོས་ཞེས་སུས་ཀྱང་ལབ་མྱོང་མེད་ཚོད་རེད། ངོས་གཅིག་ནས་ནི། སྙན་ངག་ནི་ཐ་སྙད་ཡོད་ཚད་བཙོ་སྦྱང་བྱས་པའི་ཉིང་བཅུད་ཡིན་ཞེས་སྐུ་ཞབས་འབྲོང་ ལགས་ཀྱིས་བཤད་པ་ལྟར་རོ། ཆེས་མ་མཐའི་ཚིག་སྦྱོར་ཙམ་ཡང་དཀའ་ན་དེ་ལ་བརྟེན་པའི་སྙན་ངག་ཅེས་པ་གང་ནས་ཡོང་ དགོས།
       ཀ དུས་རབས་སྔ་མ་སྔ་མའི་སྙན་ངག་ལས་ཕྱི་མ་ཕྱི་མའི་སྙན་ངག་བཟང་བ་ཞིག་ཡིན་ནམ།
 ཁ སྙན་ངག་ནི་ཀུང་སི་ཆེ་གེ་མོས་བཟོས་པའི་ཐོན་རྫས་དང་འདྲ་ས་མ་རེད། དེ་བས་ཐོན་རིམ་དང་པོ་ལས་གསུམ་པ་བཞི་པ་སོགས་རིམ་པས་ཇེ་བཟང་འགྲོ་བ་ཞིག་ཡིན་ མི་སྙམ། ངས་བལྟས་ན། མི་ཡོད་པ་ནས་སྙན་ངག་ཡོད་ཟིན་ནོ། ཡི་གེར་བྲི་མི་བྲི་དང་དེབ་ཏུ་བཟོ་མི་བཟོ་དང་བོད་སྐད་དང་དབྱིན་སྐད་གང་གིས་ རྩོམ་མི་རྩོམ་སོགས་ནི་སྙན་ངག་བྱེ་བྲག་པ་དང་འབྲེལ་བ་སྤུ་ཙམ་ཡང་མེད། སྙན་ངག་ཅིག་གི་དགེ་བ་དེ་འོད་གསལ་དུམ་བུ་ཞིག་དང་སྤྲིན་དཀར་ཕོན་པོ་ཞིག་དང་ འདྲ་བས། དེ་ལ་ཚབ་བྱེད་ཀྱི་དངོས་པོ་གཞན་མེད་ལ་མཐོ་དམན་གྱི་ཨང་རིམ(དཔྱད་བརྗོད་པ་ཚོ་ འདུས་པའི་སྡེ་ཚན་འགའ་རེས་བྱ་དགའ་སོགས་སྤྲོད་བཞིན་མཆིས་མོད། མི་རིགས་ཆེ་གེ་མོའི་རྩོམ་རིག་དར་འཕེལ་སོགས་ཀྱི་ཕྱིར་ཡིན་ཞེ་ན་འདྲ་ཆགས་ཙམ་ ཡོད་ཀྱང་། ལར་སྙན་ངག་གི་མཛེས་པ་དང་ཉམས་ཁྱད་དེ་མི་རེ་ཟུང་གི་དགའ་ཁ་འཁྱེར་ཕྱོགས་ཀྱིས་ སྦྲད་པའི་བྱ་དགའ་ཨམ་དེས་གཞར་ཡང་མཚོན་ཐབས་བྲལ)ཡང་སྤྱིར་བཏང་དབྱེ་རྒྱུ་མེད་པ་ ཡིན།
      ཀ ཁྱེད་ཀྱིས་བལྟས་ན། རང་གི་སྙན་ངག་ལ་འབྱུང་འགྱུར་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་དུ་གདན་ཐོབ་ག་འདྲ་ཞིག་འཐོབ་སྲིད།
     ཁ ཁོ་བོས་སོ་སོའི་སྙན་ངག་གིས་རྩོམ་རིག་ལོ་རྒྱུས་ཁྲོད་དུ་འདི་འདྲ་ག་འདྲ་བྱ་ དགོས་ ཟེར་གྱིན་མེད། ངའི་སྔོན་ལ་འཁྲུངས་ཟིན་པ་དང་ང་དང་མཉམ་དུ་མགོ་ཚོས་ཀྱིན་པའི་མི་འདི་ཚོས་རང་ གི་སྙན་ངག་ལ་གཏམ་ག་རེ་ཤོད་པར་ཡང་མི་བལྟ། བྱ་དགའ་འབའ་ཞིག་སྙན་ངག་གི་ཚད་ཤིང་བྱེད་པ་ དེ་ཚོའི་བློར་ཨེ་དབབ་ཡང་རེམ་རྩིས་མེད། ཚོགས་འདུ་བསྡུས་ཏེ་ལག་པ་བསླངས་མཁན་གྱི་མང་ཉུང་ལ་དཔགས་ཏེ་སྙན་ངག་གི་རྒྱལ་ཕམ་ རྩོད་པ་དེ་འདྲ་ཡང་ཚེགས་ཀྱིས་མི་ལྕོགས་སོ། དྲ་ཐོག་སོགས་སུ་མི་མགོ་སྐོར་རེའི་ཁ་ཚོགས་ཀྱི་རླངས་པ་ལ་བརྟེན་ནས་སྙན་ངག་ཡིན་ མིན་ཞིག་འཇོག་པ་བཞིན་དེར་ཡང་འཚང་འདོད་མི་འདུག
     ངས་ སྙན་ངག་འབྲི་དོན་ནི། སུ་ལ་ལབ་ཀྱང་ཡ་མི་བྱེད་པའི་དྲན་ཚུལ་ཕར་འཛིང་ཚུར་འཛིང་དེ་ཚོ་ཡི་གེར་བྲིས་ཏེ་ ཤར་མར་བཏོན་ན་སེམས་ནང་དགེ་བ་འཕེལ་ཐུབ་པ་དང་། དོན་མེད་དུ་ཕམ་ཞིང་རྐྱེན་མེད་དུ་ངུ་སྙིང་འདོད་ དུས་སྙན་ངག་ཡིན་ཞེས་གཅིག་བྲིས་ན་སྙིང་གི་ལྡང་ཚད་ཇེ་དམར་ཕྱིན་རྒྱུར་ཕན་ཐོགས་ འབྱུང་བ་དང་། གློ་བུར་དུ་འཇིག་རྟེན་དང་མི་ཚེ་ལས་འཕྲོས་པའི་དྲན་ཚུལ་སྣ་རེ་བྱུང་སྐབས་ཚིག་ ཐུང་རེ་འགས་མཚོན་པར་བྱས་ན་རྒྱབ་ཀྱི་ཁལ་ཕོག་པ་ལྟ་བའི་བདེ་སྣང་རྙེད་པ་བཅས་ ཀྱིས་ཡིན།
     ང་ཡིས་གཞན་དག་ལྟར་སྐྱབས་ དང་སྐྱོབ་པའི་ཕྱོགས་གསོལ་བ་བཏབ་སྟེ་ཚིམས་པ་རྙེད་ རྒྱུ་དཀའ་ཙམ་རེད། མི་རྒན་དག་གིས་བསླབ་བྱ་འདྲ་བཏང་ནའང་རྣ་ནང་ཡེ་མི་འགྲོ ། སྨྱོ་གྲབས་དང་བརྒྱལ་གྲབས་གང་གི་སྐབས་ཀྱང་རེ་ས་ཉག་གཅིག་ཡོད་པ་ནི་སོ་སོས་ འབྲི་ཁུལ་བྱས་པའི་སྙན་ངག་གམ་ཚིགས་ བཅད་འདི་དག་རེད། འདི་དག་གིས་ཁོ་བོ་རང་གི་མི་ཚེའི་ནང་དངོས་པོ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ ཕན་པ་ངོ་ཐོག་འབྱུང་བཞིན་པས་ཡིད་ཚིམས་ལ་སེམས་དགའ། ང་ལ་མཚོན་ན་འདི་ཙམ་གྱིས་འགྲིག་བསྡད་ཡོད། སྤྱང་པོ་ཆེ་གཞན་དག་ལྟར་དང་པོ་རང་གིས་བྲིས་པ་དེ་དག་སྙན་ངག་ཏུ་འགྲོ་རྒྱུར་ཁ་ མང་པོའི་དཔུང་རོགས་བཙལ། དེ་ནས་བློ་དང་བཀོད་པ་སྣ་ཚོགས་བྱས་ཏེ་ཕྲན་དཔྱད་དང་བྱ་དགའ་ཟེར་ཡས་དེ་ཚོ་ལོན་ ཐབས་སུ་འབད། མཐར་རང་དང་བློ་ཁ་མཉམ་པ་འགའ་ཞིག་གིས་ཁས་འཆེས་པའི་སྡོམ་ཆུང་ངུ་ཙམ་ལ་བརྟེན་ནས་ སྙན་ངག་ཡིན་མིན་གྱི་རང་ལྟ་ཉི་ཚེ་བ་རེ་བཞག དེ་ནས་ཡང་སོ་སོའི་རྣམ་གཞག་ཉག་ཕྲ་བ་དེ་དག་ལ་གཞན་གྱིས་གནོད་བྱེད་འདྲ་བསྟན་པ་ ཚོར་དུས་འཛུལ་སའི་ཁུང་དང་འདུག་སའི་སྟེགས་མི་རྙེད་པ་ཙམ་དུ་འཚབ་པ་སོགས། ཉིན་མཚན་དུས་དྲུག་པོར་སོ་སོའི་ལུགས་ཀྱི་སྙན་ངག་ཅེས་པ་དང་མཉམ་དུ་དམྱལ་བ་མནར་ མེད་མྱངས་མཁན་དེ་འདྲ་རེ་ལ་མ་གྱུར་པ་ཅི་འདྲའི་སྐལ་བ་བཟང་ཨང་སྙམ། མཐར་གཏུགས་ན། ངས་སྙན་ངག་འབྲི་བ་ནི་སོ་སོ་རང་གི་དབང་པོའི་ལྷན་སྐྱེས་ཀྱི་དགོས་མཁོ་ཞིག་ སྐོང་བ་དང་ཆ་འདྲ་བས་སྐྱེས་བུ་གཉིས་པ་ཚུན་ཆད་ལ་དེ་ཙམ་ལྟོས་པ་མེད་ཅེས་བཤད་ཆོག ལྟོས་དགོས་པ་བག་ཙམ་ཡོད་ཟེར་ན། བོད་ལ་ཡི་གེ་ཕྲད་སོགས་ཀྱི་སྤྱི་འགྲོས་རགས་པ་ཞིག་ཡོད་ཟིན་པས་དེ་དང་འགལ་མི་ དགོས་པའི་སྐབས་སུ་མི་འགལ་བ་བྱེད་རྒྱུ་དེའོ།
      ཀ གྲོགས་པོ་ཞིག་ན་རེ། ལོ་རབས་བརྒྱད་ཅུ་པའི་སྐབས་སུ་ང་ཚོས་བུད་མེད་བརྗོད་བྱ་བྱས་ཏེ་སྙན་ངག་བྲིས་པ་རེད། ད་དུང་ཡང་བུད་མེད་སོགས་བྲིས་ན་བསྐྱར་ཟློས་ཡིན་པས་སྙིང་པོ་མི་འདུག་ཟེར། ཁྱེད་ཀྱིས་བལྟས་ན་དེ་འདྲ་རེད་དམ།
     ཁ སྤྱིར་བཏང་ཕོ་མོ་གཉིས་ལ་འགྲོ་འཆག་ཉལ་འདུག་བཞི་དང་དགའ་སྐྱོ་ཆགས་སྡང་བཞི་ བསྣན་པའི་བཅུ་ཙམ་ནི་སྙན་ངག་སོགས་ཀྱི་དུས་གཏན་གྱི་བརྗོད་བྱ་རེད། འདི་ལ་བསྐྱར་ཟློས་སོགས་གླེང་ས་མེད། མི་རྣམས་ཀྱིས་འདི་བཅུ་ཙམ་པོ་ཟུར་མི་འདྲ་བ་ལ་བཞག་སྟེའམ། མིང་མི་འདྲ་བ་རེ་བཏགས་ཏེའམ། ཡུལ་མི་འདྲ་བ་རུ་བསྐྱལ་ཏེའམ། གང་ལྟར་འདི་བཅུ་ཙམ་པོ་ཕར་བསྐོར་ཚུར་བསྟར་བྱ་རྒྱུ་མ་གཏོགས་ལྷག་པ་ཞིག་བྲི་རུ་ མེད་སྙམ། ཆོས་ལུགས་དང་སློབ་གསོ་ཟེར་ཡས་ཚང་མ་མིའམ་ཕོ་གཉིས་མ་གླེང་བར་ཡོང་ཐབས་ཅི་ཡོད། ངས་བལྟས་ན། འཛམ་གླིང་གི་བརྩམས་སྒྲུང་རིང་པོ་དང་སྙན་ངག་ཡ་མཚན་ཟེར་ཡས་དེ་ཚོ་གང་ཡང་འདི་ བཅུ་ཙམ་གྱི་དྲང་ལྡོག་གི་འབྲེལ་བ་དང་ནང་གནས་ཀྱི་རྒྱབ་མདུན་འབའ་ཞིག་ལས་འདའ་ མེད་སྙམ། ཡང་གཅིག་བཤད་ན་ལས་དབང་ངམ་བྱེད་པོས་མི་རྣམས་ལ་ཚད་མེད་པའི་བུད་མེད་སོགས་ཀྱི་ རང་བཞིན་མཚོན་པར་ཚད་ཡོད་པའི་རི་མོ་དང་རོལ་མོ་ཡི་གེ་སོགས་ཀྱི་བརྡ་བྱེད་ཉུང་ ངུ་འདི་ཙམ་ལས་བསྩལ་མེད་པས། དེ་དག་ཡོངས་སུ་མཚོན་ཚར་བའི་ཉིན་མོ་ཞིག་ཧ་ལམ་བསླེབ་རྒྱུ་མེད(བརྒྱ་ལ་ཉིན་མོ་ དེ་འདྲ་ཞིག་བསླེབ་ཚེ་ང་ཚོར་ཡང་སྙིང་པོ་ཅི)པ་འདྲ།
ཀ ཁྱེད་རང་སྙན་ངག་ལ་ཧ་ཅང་དགའ་བ་ཨེ་རེད།
ཁ སྐོར་ཞིག་ལ་ཁྱོད་ཀྱི་དེ་སྙན་ངག་རེད་ལབ་ན་དགའ་བ་དང་མ་རེད་ལབ་ན་ཁྲོ་བར་འགྱུར་ ཁར། སྙན་ངག་པ་ཆེ་གེ་མོའི་ཚིག་དྲངས་ཏེ་རང་གི་དེ་སྙན་ངག་ཅེས་པ་ཡིན་ལུགས་ཀྱི་རྟགས་ དངོས་སུ་སྟོན་རྒྱུའང་ཟེར། ཁོ་བོར་མཚོན་ན་རང་གི་འདི་དག་སྙན་ངག་ཅེས་པའི་དཔར་གཞོང(ལར་སྙན་ངག་ལ་ངེས་གཏན་ གྱི་དཔར་གཞོང་ཞིག་ཡོད་པ་མིན་ཏེ། མིའི་རྣམ་རྟོག་གི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ་དོན་རྒྱན་སོ་ལྔ་ལྟ་བུའི་ གྲངས་ཀ་ཞིག་གིས་གཅུན་མི་ནུས་ལ། ཡིད་བརྙན་དང་རྟོགས་པའི་ཁམས་ཞེས་པའི་བརྡ་ཆད་གུ་ཐུག་རེ་གཉིས་ཀྱིས་དམ་ལ་ཐོགས་ པ་ཞིག་ཀྱང་ག་ལ་ཡིན)ཞིག་ལ་འཕྲོད་དགོས་དོན་ཅི་ཡང་མེད། མི་རང་བདག་ལ་དབུགས་འབྱིན་རྔུབ་བཞིན་གལ་ཆེ་ཞིང་གཞན་སྐོར་ཞིག་ལའང་ཀློག་སྤྲོ་ འདོན་བདེ་ཞིག་ཡོད་པའི་ཚིགས་བཅད་འདི་དག་ནི། ཡོངས་གྲགས་ཀྱི་དོན་བརྗོད་སྙན་ངག་དང་དུངས་བརྗོད་སྙན་ངག་གཉིས་ཀྱི་གཅིག་ཡིན་ན་ ཆོག་ལ། དེ་གཉིས་ཀ་མིན་ནའང་ཆོག སྤྱིར་སྙན་ངག་གི་རིགས་དབྱེ་གཞན་ཞིག་ལ། ལོ་རྒྱུས་སྙན་ངག་དང་སྒྲུང་རབས་སྙན་ངག ཟློས་གར་སྙན་ངག་དང་གཏམ་བརྗོད་སྙན་ངག གླུ་གཞས་སྙན་ངག་དང་ཁ་བརྡའི་སྙན་ངག་སོགས་གྲངས་ཀྱི་མཚམས་མེད་ཅིང་། མིང་གིས་མ་བཏགས་པའི་སྙན་ངག་རྩོམ་ལུས་དང་འབྱུང་འགྱུར་ད་གཟོད་གཞི་གྲུབ་སྲིད་ པའི་སྙན་ངག་གི་རྣམ་པ་གཞན་ཡང་འཐོན་ཆོག་ཆོག་ཏུ་འདུག་པས། ངེས་པར་དུ་ད་ལྟ་འཚོ་ཞིང་བཞུགས་པའི་ཨོག་ཚོམ་དཀར་པོ་ཞིག་ལ་ཁུངས་གཏུགས་དགོས་ དོན་ཡང་མེད། དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་ལྟ་བུ་ཞིག་ལ་ཆ་བཞག་ན་རྣམ་ཐར་མིན་ལ་རྟོགས་ བརྗོད་མིན། ལོ་རྒྱུས་རྐྱང་པ་ཞིག་མིན་ལ་དཔྱད་རྩོམ་ཏག་ཏག་ཞིག་ཀྱང་མིན། དགག་ལན་དང་ཆོ་ག་གང་ཡང་མིན་པའི་རྩོམ་ལུས་འདིར། དེང་སང་རྒྱ་རྩོམ་ཁོ་ན་ཀློག་མཁན་དག་ཏུ་ལྗོངས་རྒྱུའི་ཟིན་ཐོ་ཞེས་པ་དེ་ཨེ་ཡིན་ ནམ་ཞེས་ཚོད་བཤད་གནང་མཁན་ཡོད་མོད་ཞིབ་ཏུ་ན་དེའང་མིན་པ་རེད། དེ་དང་འདྲ་བར་རྣམ་རྟོག་གི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི་མངོན་སྟངས་སྣ་ཚོགས་ ཡིན་པའི་སྙན་ངག་ཅེས་པར་རྩོམ་ལུས་འདྲ་མི་འདྲ་དང་མཚོན་སྟངས་འདྲ་མི་འདྲ་ཅི་ རིགས་བྱུང་ཟིན་འབྱུང་བཞིན་འབྱུང་འགྱུར་བཅས་ཡིན་པས། འདི་མིན་ན་དེ་ཡིན་དགོས་པའི་གཉན་འཕྲང་ཞིག་ཏུ་ཚུད་དགོས་དོན་ཅི་ཡོད་དམ། གང་ལྟར་ཁོ་བོ་ནི་ཚིག་ཐུང་ཡིག་ཉུང་ལ་བརྟེན་ཏེ་ཐོལ་བྱུང་འབའ་ཞིག་གིས་འབྲི་ དགོས་པའི་རྩོམ་པའི་རྣམ་པ་འདིར་དད་མོས་ཆེ་བ་མ་གཏོགས། རང་གི་འབྲི་བཞིན་པ་དག་སྙན་ངག་ཅེས་པ་དེ་ཨེ་ཡིན་ནམ་སྙམ་སྟེ་གནམ་ལ་ལྡིང་དགོས་ པའི་ཚོད་ཅིག་མིན། ང་ལ་མཚོན་ན་གཟུགས་པོའི་གསེང་ནས་རང་དབང་མེད་པར་གཏོང་རྒྱུ་ཞིག་གམ་དབུགས་ཀྱི་ འབྱིན་རྔུབ་བཞིན་སོ་སོའི་ཚེ་སྲོག་དང་རྦད་དེ་ཁ་འབྲལ་ཐབས་མེད་པ་ཡིན་ན་སྙན་ངག་ ཅེས་པ་མིན་ཀྱང་མུ་མཐུད་འབྲི་ངེས་ཡིན་ལ། དེ་ལས་ལྡོག་ཚེ་སྙན་ངག་ཅེས་པ་ཡིན་ཀྱང་རིམ་གྱིས་བསྐྱུར་ངེས་ཡིན། མདོར་དྲིལ་ན་ཁོ་བོས་སྙན་ངག་གམ་ཚིགས་བཅད་འདི་དག་འབྲི་བ་ནི་སྙན་ངག་ཅེས་པའི་ ཡིག་རྡོག་ལྔའི་དོན་ཙམ་མིན་པར། རང་གཞན་གཉིས་ཀྱི་གདུང་བ་སྦྲེལ་ཞིང་ཟུག་ཚོར་མཐུད་པའི་གོ་རིམ་ཞིག་གི་ཆེད་དོ།  
ཀ བདག་གི་གྲོགས་པོ་ཞིག་གིས། སྙན་ངག་ཅིག་སྙན་ངག་ཡིན་མིན་ཤེས་འདོད་ན་ད་ལྟ་མིང་དུ་གྲགས་པའི་སྙན་ངག་པ་འཇུ་ སྐལ་བཟང་ལྟ་བུ་ཞིག་ལ་བསྟན་ན་ཤེས་ཐུབ་ཟེར་བས། ཁྱེད་རང་ལྟ་ཚུལ་འདིར་འཐད་དམ།  
ཁ ངས་བལྟས་ན། འཇུ་སྐལ་བཟང་ལ་གཞན་གྱི་དེ་སྙན་ངག་ཡིན་མིན་ལབ་རྒྱུ་མེད་པའི་ཁར་ཁོང་རང་གིས་ བརྩམས་པ་དག་སྙན་ངག་ཡིན་མིན་ཡང་ལབ་རྒྱུ་མེད་སྙམ། རྒྱུ་མཚན་ནི། སྙན་ངག་ལ་མཚན་ཉིད་མེད་པས་ཡིན། མཚན་ཉིད་མེད་ན་མཚན་གཞི་ཅི་ལྟར་འཇོག འོན་ཀྱང་སྙན་ངག་ཡིན་མིན་ལ་མ་ལྟོས་པར་ངའི་བློ་ལ་མི་འགྲོ་བ་འདི་རེད་ངའི་རྩིས་ ཆེ་ཤོས་འདི་ཡིན་སོགས་འཇོག་རྒྱུ་ཡོད་ངེས་ཡིན། དེ་ཙམ་རྒྱུ་མཚན་དུ་བྱས་ཏེ་སྐྱེས་བུ་ཆེ་གེ་མོ་སྙན་ངག་ཡིན་མིན་འཇལ་བའི་ཚད་ ཤིང་ལྟ་བུ་ཞིག་ལ་བརྩིས་ན་ག་ལ་འགྲིག གོང་དུའང་བཤད་ཡོད་པ་བཞིན། སྙན་ངག་ཅེས་པ་མཐར་གཏུགས་ན་མིའི་སེམས་ཀྱི་འཕྲོ་འདུ་སྣ་ཚོགས་ཀྱི་སྤྱི་མིང་ལྟ་ བུ་ཞིག་རེད། ཡང་ན་འཕྲོ་འདུ་དེ་རིགས་མཚོན་པར་བྱེད་པའི་ཐབས་སྣ་ཚོགས་ཀྱི་སྤྱི་མིང་ལྟ་བུ་ ཞིག་རེད། ཐབས་དེ་ལའང་བྱུང་ཟིན་འབྱུང་བཞིན་འབྱུང་འགྱུར་བཅས་མུར་ཡོད་པ་ལས། སྔོན་དང་ད་ལྟའི་ཉི་མ་ཞིག་ལ་ཐབས་དེ་རིགས་ཀྱི་མཇུག་བསྒྲིལ་སོང་བ་ལྟ་བུ་ཞིག་ མིན། དེས་ན། བྱུང་ཟིན་འབྱུང་བཞིན་འབྱུང་འགྱུར་གྱི་མི་ཀུན་པོ་ལག་མཐིལ་ཏུ་བཀྲམ་པ་ནང་ལྟར་ རྟོགས་ཡོད་མཁན་དེ་སུ་ཡིན། དེ་འདྲ་གཅིག་ཀྱང་ཡོད་པ་མ་རེད། དེས་ན། རང་གིས་གོ་མྱོང་བའམ་རང་ཉིད་དགའ་པོ་ཡོད་པའི་འབྲི་སྟངས་རིགས་གཅིག་གམ་འགའ་ཞིག་ སྙན་ངག་ཡིན་པར་བཟུང་སྟེ། ལྷག་མའི་རང་གིས་མི་ཤེས་པ་དང་རང་ཉིད་མི་དགའ་བའི་མཚོན་སྟངས་ཡོངས་རྫོགས་སྙན་ ངག་མིན་ཞེས་ཕར་བཅད་ན་ཐབས་སྐྱོ་བ་ཞིག་མིན་ནམ། དེའང་མདོར་དེད་ན། སྐྱེས་བུ་ཆེ་གེ་མོ་ཞིག་གིས་སྙན་ངག་གི་ཚད་ཤིང་ཡོང་ཐབས་མེད་ལ་ཁྱིམ་ཚང་གཅིག་ དང་ཁྱིམ་མཚེས་རེ་ཟུང་དང་ཁུ་ཚན་འགའ་གྲོས་འགྲིག་པས་ཀྱང་མི་འོང་། དུས་རབས་བྱིངས་དང་ཀློག་མཁན་བྱིངས་ཀྱི་ལན་ཆ་ལ་དཔགས་ཏེ་སྐབས་དེའི་སྙན་ངག་ཡིན་ མིན་གྱི་རགས་པའི་ངོས་ཤིག་འཚོལ་ཐུབ་ཀྱང་སྲིད་མོད། ཡང་གཅིག་བཤད་ན། དེ་ནི་གཞན་གྱིས་ཐོལ་རིག་གི་རྣམ་པས་ཉི་ཟེར་དང་རྒྱ་མཚོ་ཡོངས་རྫོགས་སྨྱུག་ཁ་ གཅིག་གིས་དེད་འོངས་ཤུལ་ནས་བརྡ་ཆད་རེ་ཟུང་བསྒྲུག་སྟེ་ཆེད་རྩོམ་ཆ་མ་ཆོ་རིགས་ བྲི་དགོས་པའི་དཔྱད་བརྗོད་པ་དག་གི་ལས་ཀ་ཞིག་རེད་འདོད། འདི་དག་ལ་ཉི་མ་གཏོང་བ་ནི། དགེ་ཆོས་ཀྱིས། དེ་ལ་རྩོད་ཤགས་འགྱེད་པ་ཐང་རེ་ཆད། ། དེ་ཡི་རྒྱུ་མཚན་འཚོལ་བ་ཉོན་རེ་མོངས། ། ཞེས་པ་ལས་མ་འདས་སོ་སྙམ།
ཀ ཁྱེད་སོགས་ཀྱིས་བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་གི་བསྒྲགས་གཏམ་ཞེས་པ་ སྤེལ་རྗེས། སྙན་ངག་པ་གཅན་མེ་སྟག་སོགས་ཀྱིས་བསྟོད་བསྔགས་འབུལ་བཞིན་པ་དང་། ཨ་ཁུ་རེ་ཟུང་གིས་ཁ་འབར་མ་ཞེས་དམོད་བཞིན་ཡོད་པ་རེད་ཟེར། འདི་ལ་ལྟ་ཚུལ་ཅི་ཡོད་དམ།
ཁ དེ་ཤིན་ཏུ་རྒྱུན་ལྡན་ཞིག་རེད། རང་མོས་སྙན་ངག་ཀྱང་ཐོག་མར་དར་སྐབས་མཚང་མིང་ཞིག་གིས་ལམ་ལྷོངས་བྱུང་བ་ཡིན། ___རྐང་ཆག་མ།
     གསལ་ བཤད། ཁ་བརྡ་འདིའི་བར་བར་རྒྱ་ནག་སྐེག་ཟློག་གི་འགྲེལ་སྟངས་གཞན་ཞིག་སོགས་ལས་འཕྲོས་ ཏེ་བཤད་པ་ཅུང་ཟད་མང་མོད། རྒྱུ་རྐྱེན་འགའ་རེའི་ཕྱིར་གནས་སྐབས་སུ་ཚུར་བླངས། མ་ཟིན་སྒྲ་ཡིན་པས་ཡི་གེར་འགོད་སྐབས་འཕྲི་སྣོན་བག་ཙམ་ཡང་བྱུང་ཡོད། དེ་བས་སྐད་ཆ་འདྲི་མཁན་གྱི་གྲོགས་པོ་ལ་དགོངས་འགལ་མེད་པ་ཞུ། དེ་མིན། ཉིན་འདི་ཚོར་མིག་ན་ཐག་ཆོད་པ་དང་དྲ་བའི་ནང་ལ་ལས་ཀ་རྩག་རྩིག་ཡོད་པ་བཅས་ཀྱི་ མདའ་ཤེར་གཉིས་ཀྱི་དཔང་པོ་ཞེས་པ་མཐུད་དེ་སྤེལ་མ་ཐུབ་པར་དགོངས་དག་ཞུ་རྒྱུ་ བཅས།  



སྙན་ངག་ནི་ཚོར་ཤེས་ཀྱིས་བཞེངས་དགོས།
                                               
སྙན་ངག་ནི་དྭངས་ཤིང་གཙང་བའི་རྫ་ཆབ་བསིལ་མ་ཞིག་སྟེ་ནེའུ་གསིང་གི་མེ་ཏོག་ཚལ་ དུ་ལྷུང་ལྷུང་གིས་བཞུར་ཞིང་།ར་རིའི་དྲི་མ་མཐའ་དག་སེལ་བར་བྱེད།སྙན་ངག་ནི་ཨ་ མའི་ལྷག་བསམ་ལས་འཁྲུངས་པའི་མར་ལོ་སྟེ།དུང་ལྟར་དཀར་བའི་འོ་མའི་ཉིང་བཅུད་ལས་ ཉམས་པ་མེད་པའི་འཚོ་བའི་རོ་བཅུད་ཅིག་ཇི་དགར་མྱང་།སྙན་ངག་ནི་གཞོམས་གཞིག་བྲལ་ བའི་ཚེ་སྲོག་གི་སྒྲ་དབྱངས་ཏེ་དུས་རབས་ཀྱི་འགྱུར་ཁུགས་དང་ལོ་རྒྱུས་ཀྱི་ དབྱངས་རྟ་འབུས་པའི་ཞོགས་པའི་ཅོང་སྒྲ་སྟེ་ལྷིང་ལྷིང་གིས་རྒྱུ་བར་བྱེད།སྙན་ ངག་ནི་རྟོགས་སད་ཀྱི་ཉི་གཞོན་སྟེ་གསེར་གྱི་འོད་ཞགས་ཀྱིས་མིའི་རིགས་ཀྱི་མདུན་ ལམ་གསལ་བར་བྱེད་ཅིང་།རྨོངས་མུན་གྱི་འཇིག་རྟེན་གཞོམ་པར་བྱེད།སྙན་ངག་གི་སླད་ དུ་འཚོ་བའི་མི་ཞིག་ལ་མཚོན་ན་འཚོ་བའི་འབྲི་མར་གྱི་བསུང་ཞིམ་འཐུལ་ཞིང་ཚེ་ སྲོག་གི་གསོན་ཤུགས་རྒྱས་པའི་སྙན་ངག་གཅིག་འཐོབ་ཚེ་ཁོའི་འཇིག་རྟེན་ལ་དྲོད་ ཁོལ་རྒྱས་ཤིང་ཁོའི་མདུན་ལམ་ལ་དྲགས་ཤུགས་རྒྱས་སྲིད།དེ་ནི་སྙན་ངག་ལས་འཕྲོས་ པའི་ཡུལ་ལྗོངས་ཤིག་གི་དྭངས་ཤ་ལ་རོལ་བས་ཡིན།དེ་བས།སྙན་ངག་གི་ཞིང་ཁམས་འདིར་ སྟག་ཤར་ཚོ་གཡུལ་དུ་ཆས་པའི་དཔའ་སྙིང་གི་ངར་སྐད་བཞིན་ཕ་རོལ་ཟིལ་གྱིས་ནིན་པའི་ རྔམ་ཤུགས་ལྡན་ལ།སྨན་ཤར་ཚོ་གནས་ལ་འགྲོ་བའི་སྨྲེང་ཤ་བཞིན་ཕ་རོལ་བའི་སེམས་པ་ བརླན་པའི་མིག་ཆུའང་འདྲེན།སྙན་ངག་ནི་དཔྱིད་ཀྱི་འགྱུར་ཁུགས་འཁྱེར་བའི་ཁུ་ བྱུག་སྟེ་དུས་ཚིགས་ནེམ་མོ་ཞིག་གི་བཞུར་སྒྲ་ལས་མེ་ཏོག་གི་འཇིག་རྟེན་བསུ་ཞིང་ དྭངས་ཤ་འབུས་པའི་ཆུ་ཕྲན་ཞིག་གི་བརྩེ་བ་ཐོས།སྙན་ངག་ནི་རྒྱལ་ཁམས་འགྲིམས་པའི་ སྦྲང་པོ་ཞིག་གི་མྱོང་བ་སྟེ་མྱང་མི་ཚར་བའི་འཇིག་རྟེན་ཞིག་གི་མངར་སྐྱུར་ཁ་ བའི་བྲོ་བ་ཡིན་ལ་རོལ་བཞིན་པའི་ཟད་དུ་མེད་པའི་ཞིང་ཁམས་ཤིག་གི་རང་མདངས་མཐོང་ ཐུབ།   
                                 
     འཚོ་བའི་རྫ་རི་ནི་སྙན་ངག་གི་མཆོད་ཡོན་འབྱུང་སའི་གཞི་སྟེ་དེ་ལས་སྒྱུ་འཕྲུལ་ གྱི་སྨུག་སྤྲིན་ལྷོད་ཀྱིས་འཕུར་ཞིང་ཚེ་སྲོག་གི་བསིལ་རླུང་དལ་གྱིས་ལྡིང་། སྙན་ངག་ནི་འཚོ་བའི་གཅེས་ཕྲུག་སྟེ་ཨ་མའི་བྱམས་བརྩེའི་འཛུམ་ཆུང་ལས་སྙན་ངག་གི་ རྣམ་ཤེས་ཐོག་མར་འབུས་ཤིང་བྱམས་དང་བརྩེ་བའི་གཞས་ཆུང་ངང་གིས་རྒྱས།སྙན་ངག་གི་ ཁྱེའུ་ལ་དེ་ལྟར་མེ་ཏོག་གི་ལང་ཚོ་རྒྱས་དུས་འཇིག་རྟེན་འདི་དོ་མི་མཉམ་པའི་བདེ་ སྡུག་དང་སྐྱོ་གདུང་།ཐ་ན་སྙེག་མ་བཞིན་བཞུར་བའི་ནད་ཡམས་འདིས་སྙན་ངག་ནི་རྒྱལ་ སྲས་ཡིན་ལ་ཁོས་དྲང་བདེན་གྱི་ཆེད་དུ་ཁྲག་དམར་བསུ་བ་ནི་རལ་གྲི་ཡི་འཕྲུལ་འཁོར་ བསྐོར་ནུས་ལ་ཁོས་ཕུགས་འདུན་གྱི་སླད་དུ་མི་ཡི་ཡིད་དབང་བསྒྱུར་བའི་མིག་ཆུ་ཡི་ རོལ་དབྱངས་སྦྲེངས་ནུས།མིའི་རིགས་ཀྱི་རང་བྱུང་འཚོ་བའི་ཚ་རླབས་མེད་ན་སྙན་ངག་ གི་དབྱར་གཞུང་ལ་ལྟ་ན་སྡུག་པའི་གསོན་ཤུགས་ཇི་ལྟར་རྒྱས།མིའི་རིགས་ཀྱི་རང་ བྱུང་འཚོ་བའི་གཟུགས་རིས་མེད་ན་སྙན་ངག་གི་འཚོལ་ཞིབ་དང་གསར་གཏོད་ཀྱི་པར་གཞི་ གང་ནས་རྙེད།དེ་བས།སྙན་ངག་ནི་འཚོ་བའི་འཛུམ་རས་ལས་མངོན་པའི་ཚོན་མདངས་ཡིན་པས། འཚོ་བས་སྙན་ངག་ལ་མཛེས་ཤིང་ཡིད་དུ་འོང་བའི་སྣུམ་ཚོན་སྤྲས་ཡོད།རྒྱ་ཆེ་བའི་ འཚོ་བ་འདིའི་སྣང་བརྙན་དང་འགུལ་བསྐྱོད་མེད་ན་རྩ་ཆེ་བའི་སྙན་ངག་གི་རྟོག་འཆར་ དང་རིན་ཐང་གང་ནས་འཚོལ།དེ་བས།སྙན་ངག་ནི་འཚོ་བའི་འཛུམ་མདངས་སྟེ་སྙན་ངག་གི་ སྒྱུ་འཕྲུལ་གྱི་ཉ་མོ་འཚོ་བའི་ཆབ་ལས་ལས་རྩེན་ཞིང་སྙན་ང་གི་རིན་ཐང་ཆེ་བའི་ ནོར་བུ་ཡང་འཚོ་བའི་གླིང་ནས་ལེན་དགོས།ཀྱེ་སྙན་ངག་པ་ལགས།ཁྱེད་ཀྱི་སྙན་ངག་གི་ ཆུ་རྒྱུན་དྲགས་པོ་ཡུར་བར་འདྲེན་ན་ཐོག་མར་འཚོ་བའི་ལ་ལུང་ནས་འབབ་པའི་སླད་མེད་ པའི་སྐད་ཆའི་དྭངས་གཙང་གི་ཆུ་ཕྲན་མང་པོ་སྣེ་ཁྲིད་བྱེད་དགོས་ལ།འཆར་ཡན་གྱི་ལམ་ ནས་བརྩེ་དུང་དང་སྒྱུ་རྩལ་གྱི་འབབ་རྒྱུན་རྐ་རུ་འདྲེན་དགོས།དེ་ལྟར་བྱས་ན་སྙན་ ངག་གསར་གཏོད་ཀྱི་ས་བོན་རྡོག་པོ་ལ་འཚོ་བའི་དྲི་བསུང་འཐུལ་བའི་རོ་མངར་སྔོན་ མོ་ནས་བཞིན་སྨིན་ཞིང་།སྒྱུ་རྩལ་དང་བརྩེ་དུང་གིས་ཕྱུག་པའི་སྙེ་མ་ཆུ་བོའི་ རླབས་བཞིན་འཕྱུར་ལ།ད་དུང་ཟོལ་མེད་བདེན་ཚིག་གི་འབྲས་བུ་ལ་རྩ་བ་བརྟན་པོ་ཚུགས་ ཐུབ།དེ་བས།འཚོ་བ་ནི་སྙན་ངག་ལ་རིན་ཐང་སྩོལ་བའི་བང་མཛོད་མོད་པོ་ཡིན་པས།ང་ཚོས་ སྙན་ངག་ལ་མེད་དུ་མི་རུང་བའི་སྲོག་རྩ་འཚོ་བ་ཡིན་ཞེས་བཤད་ཆོག་ལ།རང་བྱུང་གི་ འཚོ་བ་མེད་ན་སྙན་ངག་ལ་བླ་སྲོག་མེད་ཅེས་བཤད་ཀྱང་ ཆོག  
                                               
སྙན་ངག་གི་བརྩེ་སེམས་ནི་ལྷད་ཀྱིས་མ་གོས་པའི་ཨ་མའི་སྙིང་ཁོང་ནས་བུ་ལ་གྱེར་ བའི་དུང་སྣང་གི་གླུ་ཆུང་ཡིན་ལ།དགའ་སྐྱོའི་སྣང་བ་འདྲེན་པའི་དབྱངས་ཅན་མའི་ ཕྱག་སོར་གཡོ་བའི་རོལ་མོ་ཡིན།སྙན་ངག་གི་ནེའུ་གསེང་ནེམ་མོ་ལ་དུང་སེམས་མེ་ཏོག་ གི་འཛུམ་མདངས་མེད་ན་གཡུ་སྦྲང་གིས་གླུ་ཆུང་ལེན་ཞིང་ཕྱེ་ལབ་ཀྱི་བྲོ་གར་རྩེན་ པའི་མཛེས་རིས་གསོན་པོ་དེ་ཇི་ལྟར་མངོན།སྙན་ངག་གི་ཆུ་ཕྲན་དྭངས་མོར་བརྩེ་སེམས་ བཞུར་བའི་རོལ་བ་མེད་ན་ལྷུང་ལྷུང་གི་གླུ་ཆུང་ལེན་པའི་སྙན་ཆ་དང་རླབས་ཀྱི་མེ་ ཏོག་འཛུམ་པའི་སྣང་བརྙན་སྐྱིད་པོ་དེ་གང་ནས་འོང་།བརྩེ་སེམས་ནི་སྙན་ངག་པ་ སྐྱིད་སྡུག་རྒུན་ཆང་གིས་བཟི་བའི་གླུ་ཆུང་གི་མིག་ཆུ་ཡིན།  ཆགས་སྡང་གི་ངར་ཁ་འཕེལ་བའི་སེམས་ཁམས་ལས་བཞུར་བའི་དྭངས་བསལ་གྱི་གཙང་བོ་ཡིན། སྙན་ངག་ལ་དུངས་སེམས་སྦར་བའི་དྲོད་སྣང་མེད་ན་མི་ཡུལ་འདིར་དཔྱིད་ཀྱི་དཔའ་ཡོན་ འདྲེན་མི་ནུས་ལ།  སྙན་ངག་ལ་མེ་ལྟར་འཕྱོ་བའི་བརྩེ་སེམས་མེད་ན་གཤིས་ངན་བརླང་བོར་བསྐྱོད་པའི་ དུག་ཚེར་གྱི་ཚང་ཚིང་ཇི་ལྟར་བསྲེགས།དེ་བས་སྙན་ངག་ནི་སྙན་ངག་པའི་དུང་སེམས་ལས་ ནམ་ཡང་མནོན་མི་ཐུབ་པའི་འགུལ་ཤུགས་ཡིན་ལ།སྙན་ངག་པའི་ཚེ་སྲོག་ལས་ནམ་ཡང་བཞུར་ མི་ཚར་བའི་ཁྲག་དྲོན་ཡིན།སྙན་ངག་པ་ནི་བརྩེ་སེམས་ཀྱིས་དུལ་ཞིང་དུང་སྣང་གིས་ དགོད་དགོས་ལ།དུངས་སྣང་གི་ཀློང་ནས་མདུན་བསྐྱོད་ཀྱི་སྒོ་མོ་སིལ་བུར་གཏོར་བའི་ སྤོབས་པ་ཡི་གོ་ཆ་ལུས་ལ་གྱོན་དགོས།བརྩེ་དུང་ནི་སྙན་ངག་གི་འཆི་མེད་ཚེ་ཡི་རིལ་ བུ་ཡིན་ལ།མཁའ་རུ་འཕུར་བའི་གཤོག་ཟུང་དང་།གཟིམ་པར་བྲལ་བའི་འོད་སྣང་།ད་དུང་ དགའ་སྐྱོའི་སྣང་བ་ཁད་ཀྱིས་འདྲེན་པའི་སྙིང་དབུས་ཀྱི་ཟུངས་ཁྲག་གི་གསང་བའང་ ཡིན།  
                                        
བསམ་གཞིགས་ནི་ཟད་མཐའ་མེད་པའི་ནམ་མཁའ་ཞིག་སྟེ་སྙན་ངག་གི་མཁའ་དབྱིངས་འདིར་ ཀློག་པ་པོ་ནི་གཤོག་ཟུང་ཐོགས་པའི་འདབ་ཆགས་བཞིན་རང་དབང་གི་མཐའ་དབྱིངས་དེར་ འཕུར་ཞིང་རང་མོས་ཀྱི་འཇིག་རྟེན་དེར་དགྱེ་དགར་རོལ་དགོས་ན།དེ་རུ་ཚིག་སྦྱོར་ གྱི་སྤྲིན་དཀར་ལྷོད་ཀྱིས་འཕྱོ་ཞིང་སྒྱུ་རྩལ་གྱི་འཇའ་ཚོན་གུར་དུ་ཕུབ་ན།སྙན་ ངག་ནི་ལྟ་ན་སྡུག་པའི་རང་བྱུང་གི་མཚར་སྡུག་སྟེ་མི་ཡི་ཚོར་སྣང་གི་ཞིང་བཀོད་ དྭངས་མ་ཡིན།གལ་ཏེ་སྙན་ངག་ནི་ཡི་གར་ཡོང་བའི་མེ་ཏོག་ཞིག་ཡིན་ཚེ།དེ་ལ་གཞན་ལས་ ལྷག་པའི་ཚོར་སྣང་གི་བསུང་ཞིམ་དང་སྒྱུ་རྩལ་གྱི་ཁ་དོག་ཅིག་ཅིས་ཀྱང་དགོས།དེ་ ལྟར་མིན་ཚེ་ཀློག་པ་པོ་མང་པོ་ཞིག་གི་འདུ་ཤེས་ཀྱི་བུང་བ་འཁོར་མི་སྲིད།གལ་ཏེ་ ཁྱེད་ཀྱི་སྙན་ངག་ནི་ཕུགས་བསམ་གྱི་མཁའ་དབྱིངས་འཚོལ་བའི་བྱ་རྒོད་ཅིག་ཡིན་ཚེ། ཆར་རླུང་ཐོད་ལ་ལེན་པའི་སྙིང་སྟོབས་དང་ཨ་སྔོན་གོས་སུ་གྱོན་པའི་སྤོབས་པ།ད་ དུང་ཚ་གྲང་ཞལ་དུ་འགམ་པའི་ངར་ཤུགས་ཅིག་ཅིས་ཀྱང་དགོས།དེ་ལྟར་མིན་ཚེ་ས་ཆེན་ འདིའི་རྒྱ་ཁྱོན་རེ་རེ་ཇི་ལྟར་འཇལ།དེ་བས་སྙན་ངག་པས་རང་ཉིད་ཀྱི་འབར་བཞིན་པའི་ སྙན་ངག་གི་མེ་ལྕེ་ལ་ཚོར་འདུའི་རླུང་ཤུགས་ཀྱིས་རབ་བཏེགས་བྱས་ན་སྙན་ངག་ནི་ སྙན་ངག་པའི་ནང་སེམས་ནས་འཕྱུར་པའི་མེ་རླབས་དམར་པོ་ཞིག་ཡིན་སྲིད།ཡང་ཞིག་བཤད་ ན་སྙན་ངག་ནི་སྙན་ངག་པའི་བློ་གྲོས་ལས་ལྟེམས་པའི་ཁྱེའུ་སྟེ་དེ་ལ་ལྷད་ཀྱིས་ གོས་པའི་རྫ་རྫུའི་ཡ་ཡོག་ཡོད་མི་རུང་ལ།སྙན་ངག་ནི་ཀློག་པ་པོའི་སྤྲོ་སེམས་གསོ་ བའི་བདུད་རྩི་སྟེ་དེ་ལ་གཞན་ཡིད་འགུག་པའི་རོ་མཆོག་གི་མངར་ཁ་དགོས།མདོར་ན་སྙན་ ངག་ནི་སྙན་ངག་པའི་བཅོས་མ་མིན་པའི་སྙིང་ཁོང་ནས་འཕྱོ་བའི་ཟུངས་ཁྲག་གི་ཁ་དོག་ དམར་པོ་དེ་ཡིན་སྲིད། 
                                  
སྙན་ངག་གི་ཚོར་འདུའི་རླུང་བུ་ཇི་ལྟར་ཤུགས་ཆེ་ན་ཀློག་པ་པོའི་ཡིད་མྱོང་གི་ ལྗོན་པར་དེ་ལྟར་་གཡོ་འགུལ་ཐེབས་སྲིད།ཚོར་འདུའི་དབང་གིས་སྙན་ངག་ལས་དགོད་པའི་ མིག་ཆུ་འབྱུང་ཐུབ་ལ་ངུ་བའི་གད་མོའང་འདྲེན་ཐུབ།དེ་བས་ཚོར་འདུ་ནི་ཀློག་པ་ པོའི་སེམས་ཁམས་དབང་དུ་བསྒྱུར་བའི་རྨི་ལམ་གྱི་ཞིང་བཀོད་ཡིན།སྙན་ངག་པ་ཞིག་ལ་ མཚོན་ན་མི་ཚེའི་སྐྱོ་གྲོགས་སྙན་ངག་ལ་བཅོལ་བའི་ཕྱི་ཐག་དང་ཆགས་སྡང་གི་མེ་ལྕེ་ ཤུགས་ཀྱིས་སྦར་བའི་འཚོལ་སྙེག་ཅིག་དགོས།འདི་ལྟར་སྙན་ངག་གི་རོལ་དབྱངས་སམ་འོད་ སྣང་ནམ་ཡང་ཀློག་པ་པོའི་མཁའ་དབྱིངས་ནས་འབར་དགོས་ལ།ད་དུང་ཚོར་འདུའི་ཆར་སྤྲིན་ སྟུག་པོ་སྙན་ངག་གི་མཁའ་མཐར་འཁྲིགས་ན།གྱ་གྱུར་འཁྱུགས་པའི་གློག་ཞགས་ཀྱི་ཡིད་ འགྱུར་དང་།  ལྡིར་ལྡིར་གྲགས་པའི་གཡུ་འབྲུག་གི་ངར་སྐད།ཤག་ཤག་བྱོ་བའི་སྦྲང་ཆར་གྱི་འཕྲིན་ ལས་སོགས་ཅིས་ཀྱང་དགོས།དེ་ལས་རྒྱ་ཆེ་བའི་ཀློག་མཁན་དག་གིས་དུས་ཚིགས་ཤིག་གི་ མགོ་ཐོག་ན་སྨིན་པའི་དཔྱིད་ཀྱི་འབོད་པ་ཐོས་སྲིད་ལ་འཚོ་བའི་འཁྱགས་རླུང་ལས་ ཀྱང་ཚེ་སྲོག་གི་སྨྱུ་གུ་འབུས་ཏེ་གཡུ་ཡི་མཛེས་ལྗོངས་སུ་འགྱུར་སྲིད།དེ་བས་ སྙན་ངག་ནི་དགའ་སྐྱིད་ཀྱི་ཆང་ཁ་ནས་འཕུར་བའི་འགྱུར་ཁུགས་བཞིན་ན་ཟླ་ཚོའི་བཟི་ སྣང་ན་འཕྱོ་བའི་བརྩེ་སེམས་ཀྱི་འགྱུར་ཁུགས་ཡིན།སྙན་ངག་ནི་རང་སེམས་གསོ་བའི་ གླུ་ཆུང་བཞིན་སྐྱོ་སྨྲེང་ལམ་ལམ་དུ་བཞུར་བའི་མིག་ཆུས་མེ་ལྕེ་དམར་པོའི་དྲོད་ སྣང་ཞིག་བསྐྲུན་དགོས།སྙན་ངག་ནི་སྙན་ངག་པས་ཡང་ཡང་བརྡར་བའི་དཔའ་སྙིང་གི་རལ་ གྲི་ཡིན་ལ།ཀློག་པ་པོས་ཡང་ཡང་བསྟེན་དགོས་པའི་འཆི་མེད་ཚེ་ཡི་རིལ་བུ་ཡིབན།གལ་ ཏེ་ནམ་མཁའ་དྭངས་ཤ་འབུས་པའི་བར་སྣང་སྙན་ངག་ཡིན་ཚེ་ས་གཞིའི་འབྱོར་ཕྱུག་གཙང་ མའི་འཕེལ་ཁ་ཡང་སྙན་ངག་ཡིན།སྙན་ངག་པས་སྣང་སྲིད་འཁོར་འདུས་ཀྱི་མཐོང་སྣང་ཁྱད་ པར་བའི་འཇིག་རྟེན་ལ་ཚོར་སྣང་གི་ཚོན་མདངས་ཕུལ་ཏེ་སྙན་ངག་གི་ཞིང་བཀོད་བཟོ་ དགོས།  
                                   
  གལ་ཏེ།སྙན་ངག་ནི་བག་གསར་ཞིག་ཡིན་ཚེ་དེ་ལ་རིན་ཆེན་གསེར་ལས་གྲུབ་པའི་མི་རིགས་ དེའི་སྐད་ཆའི་མགུལ་རྒྱུན་དང་།གོམས་གཤིས་གཙང་བའི་དྲོད་འཇམ་གྱི་ཚར་གོས་དང་། འཚོ་བའི་སྣང་བརྙན་གྱི་ཉིང་བཅུད་སྡོམ་པའི་སྐ་རགས་སོགས་ཅིས་ཀྱང་དགོས།འདི་ལྟར་ སྙན་ངག་གི་སྲས་མོར་ཕོ་བརྒྱའི་སྣང་བ་འཁྲུལ་བའི་ཟུར་མིག་གི་ཆོ་འཕྲུལ་དང་འཇིག་ རྟེན་གཞོམས་པར་བྱེད་པའི་ཉམས་འགྱུར་གྱི་སྒེག་པ་ཞིག་ངེས་པར་དུ་ཡོད་དགོས།མི་ རིགས་ཀྱི་སྙན་ངག་ཞིག་ཡིན་ན་མི་རིགས་དེ་ཉིད་ཀྱི་ཤ་རུས་སུ་འཐིམས་པའི་འདུ་ཤེས་ ཁྱེར་སྟངས་དང་གོམས་གཤིས་རེ་རེ་ཀློག་པ་པོར་རྩིས་སྤྲོད་བྱེད་དགོས།ད་དུང་མི་ རིགས་དེའི་གཅེས་ལང་ལ་ཤོར་བའི་བསམ་བློའི་འཁྱེར་ཕྱོགས་ལ་གཉོར་སྐྱོང་གང་ལེགས་ བྱེད་དགོས་ལ།  རིགས་མཐུན་ཚོར་བཅིངས་པའི་བརྩེ་སེམས་ཀྱི་གདངས་དབྱངས་རེ་རེ་ཡང་མི་རིགས་དེའི་ བདེ་སྡུག་འཚོལ་བའི་འབོད་པ་ཡིན་དགོས།སྙན་ངག་ནི་མི་རིགས་ཤིག་གི་ཤེས་རིགས་ལས་ བལྟམས་པའི་གཅེས་ཕྲུག་ཡིན་པས་འདི་ལ་ཤ་རུས་གཙང་མའི་བརྩེ་དུང་དང་རང་རིགས་དྭངས་ མོའི་སྤྱོད་ལམ་ངེས་པར་སྲུང་དགོས་ལ།མི་རིགས་འདིའི་སྲོལ་རྒྱུན་གྱི་རྩེད་ཆས་ རེ་རེ་ལ་བག་ཆགས་ཟབ་མོ་འཇོག་དགོས།དེ་ལྟར་མིན་ཚེ་ནམ་ཞིག་ཁྱེད་ཀྱི་སྙན་ངག་ནི་ རང་གི་མི་རིགས་འདིའི་ནང་སེམས་ཀྱི་མཛེས་དཔྱོད་ལས་རིང་དུ་གྱེས་ཏེ་མཐར་རང་གི་ མི་རིགས་ལ་བཅིངས་པའི་དུངས་སེམས་ཀྱི་ཆུ་རྒྱུན་རང་ཤུགས་ཀྱིས་སྐམ་འགྲོ།གྲོགས་ པོ་ལགས།   ཁྱེད་ཀྱིས་འོ་མའི་དྭངས་གཙང་ཤེས་སམ།    ཆུ་དང་ཁྲག་འདྲེས་ཚེ་དེ་ལ་ཁ ་དོག་དང་བྲོ་བ་གང་འདྲ་ཞིག་བྱུང་ངམ།  དེ་བས་སྙན་ངག་གི་འོ་མ་དྭངས་མོ་ཉམས་སུ་བཞེས་ན་འོ་མ་ནི་ནམ་ཡང་འོ་མ་ཡིན་པའི་ གནས་ལུགས་དེ་ཤེས་ དགོས།  
                                        
 སྐད་ཆ་ནི་མི་རེ་རེའི་མགྲིན་པའི་སྐྱེད་ཚལ་ན་རྩེན་པའི་འདབ་ཆགས་ཀྱི་དབྱངས་སྙན་ གསོན་པོ་ཞིག་ཡིན།འོན་ཀྱང་སྙན་ངག་ནི་དབྱངས་སྙན་གསོན་པོའི་ཁྲོད་ཀྱི་དྲོད་ ཀྱིས་འཁྱིལ་བའི་ཟུངས་ཁྲག་ཡིན།སྙན་ངག་གི་འབྱུང་ཁུངས་ནི་དབྱངས་ཀྱི་འཁྱུད་པའི་ བརྩེ་བ་ཡིན་པས་ང་ཚོ་སུ་ལ་ཡང་དབྱངས་ཀྱི་འབྱོར་བར་རོལ་བའི་སྙན་ངག་རེ་ཡོད་ཆོག རྫི་མོའི་མིག་ཟུང་གིས་སྐད་ཆ་བཤད་པའང་སྙན་ངག་ཡིན།ཨ་མའི་གྱེར་བའི་ཡིག་དྲུག་ གི་དབྱངས་རྟ་ཡང་སྙན་ངག་ཡིན།བྱིས་པའི་ངུ་སྔངས་ཀྱི་བརྩེ་དུང་ཡང་སྙན་ངག་ཡིན། དེ་བས་ཡངས་པའི་འཇིག་རྟེན་འདི་སྙན་ངག་གི་ཞིང་བཀོད་ཅིག་ཡིན་པས་ཇི་འདྲའི་སྤྲོ་ ཨང་།ཡང་ན་ཇི་འདྲའི་སྡུག་ཨང་།སྙན་ངག་གི་ཞིང་བཀོད་འདིར་སྙན་ངག་གི་ཆེས་དཀོན་ པའི་སྐད་ཆའི་གསེར་གྱི་གའུ་ཞིག་འདི་ལྟར་སྐད་ཆའི་ས་རྡོ་བརྡར་བ་ལས་ཐོན་ཞིང་ བརྩེ་དུང་དང་ཡིད་འགྱུར་གྱི་སྲེག་སྦྱང་ལས་འཁྲུངས།གལ་ཏེ་སྙན་ངག་གི་སྐད་ཆ་ནི་ སྨྲ་ཤེས་པའི་དུང་གི་ནེ་ཙོ་ཞིག་ཡིན་ཚེ།དེར་རྡུལ་ཕྲན་རེ་རེ་ལྷོད་ཀྱིས་འགྲིག་ ཅིང་སྨྲ་སྒོ་དྭངས་མོ་ཡངས་ཤིང་གསལ་བ།བརྩེ་སེམས་དབྱངས་སྙན་ངག་གིས་ཐོན་པ་ཞིག་ མིན་ན་སྒྱུ་རྩལ་གྱི་གླུ་ལེན་ག་ལ་ཐུབ།དེ་བས་སྙན་ངག་པས་ནམ་ཡང་འཚོ་བའི་རབ་གསལ་ བརྒལ་ནས་སྙན་ངག་གི་ཆུ་རྒྱུན་དྭངས་མོ་འཚོལ་དགོས་ལ།སྐད་ཆའི་ནགས་ཀླུང་ཕྱུག་མོ་ ནས་ཙན་དན་ལྗོན་པའི་བསུང་ཞིམ་འཐུ་དགོས།ད་དུང་སྤྱི་ཚོགས་འཚོ་བའི་ཁྱིམ་གཞི་ནས་ དགའ་སྐྱོའི་དབྱངས་ཀྱི་འགྱུར་རྟ་སྙེག་དགོས།སྙན་ངག་གི་སྐད་ཆ་ནི་མི་རིགས་དེའི་ མཐོང་སྣང་ན་གཟི་འོད་ལམ་ལམ་འཕྲོ་བའི་གསེར་རྡོག་ཅིག་སྟེ།དེ་ལ་ཟངས་རག་གང་རུང་ གི་ལྷད་སྐྱོན་འགས་མི་རུང།དེ་བས་སྙན་ངག་དང་སྙན་ངག་གི་སྐད་ཆ་ནི་མི་རིགས་དེའི་ འདུ་ཤེས་ཀྱི་རྟ་རྒོད་ལ་ཁ་ལོ་བསྒྱུར་བྱེད་ཀྱི་སྲབ་སྐྱོགས་ཡིན་པས། རླུང་གཤོག་ཐོགས་པ་ལྟ་བུའི་ཉམས་མེད་པའི་སྤོབས་སེམས་དེ་མཐའ་ཡངས་པའི་ཐང་ཆེན་ གྱི་རྒྱ་ཁྱོན་ལ་སྐུལ་ འོས།  
                                  
 སྙན་ངག་གི་གསར་གཏོད་ནི་དུ་ཆང་གིས་བཟི་བའི་ཁ་སྟོང་གི་འཁྲུལ་སྣང་མིན་ལ།འདོད་ ལྡན་གྱི་རྨི་ལམ་འགྲིམ་པའི་ཞིང་བཀོད་ཀྱང་མིན།གཞན་གྱི་བཟོས་པའི་ལམ་བུར་འཕུར་ ཡང་གསར་གཏོད་མིན་ལ།རང་མལ་དྲོད་པོ་ནས་འཕག་འཚག་གི་ང་རོ་སྒྲོག་པ་ཡང་གསར་གཏོད་ མིན།རེད་དེ།གསར་གཏོད་མེད་ན་སྙན་ངག་གི་གོམ་པ་སྤོ་མི་སྲིད།སྙན་ངག་པ་ལགས།སྙན་ ངག་གི་མིག་ཟུང་མགྲོན་དུ་འབོད་ན་ཐོག་མར་སེམས་ཁོང་གི་མོས་འདུན་ཕྱོགས་སུ་བཀྲམ་ ནས་བརྩེ་བ་ཡི་རླབས་སྒྲའི་འགྱུར་ཁུགས་རོལ་ལ་འདྲེན་དགོས།དེ་བས་སྙན་ངག་གི་ རྒྱལ་ཁམས་འདིར་རིག་པའི་བློ་གྲོས་སྦྱངས།འཚོ་བར་བྱི་དོར་བྱས་ན་སྙན་ངག་གི་ སྙིང་ཁོང་ལ་རོལ་དགོས།གལ་ཏེ།ཁྱེད་ཀྱི་སེམས་ཁོང་ན་དུང་སེམས་ཀྱི་གངས་རི་མཁའ་ རུ་འགྲེང་བའི་ཟིལ་ཤུགས་མེད་ན་ལྷུང་ལྷུང་གི་སྙན་པ་གྱེར་བའི་ཆུ་རྒྱུན་དྭངས་ མོ་འདི་གང་ནས་བརྡོལ།གལ་ཏེ།ཁྱེད་ཀྱིས་འཚོ་བའི་དྲང་བདེན་ལ་གཟས་པའི་མཐེབ་རྩལ་ གྱིས་མདའ་མོ་སྐྱེན་པོ་སྦྱང་མེད་ན།འཇིག་རྟེན་རྒྱལ་ཕམ་གྱི་ཀློང་དུ་རིས་སུ་ འཛིན་པའི་ཁྲོ་ཆུའི་ཕ་བོང་དེ་ཇི་ལྟར་གཏོར།དེ་བས་དགའ་སྐྱོ་ཟུང་འབྲེལ་གྱི་འཚོ་ བའི་སྣང་བརྙན་འདི་མ་ཚར་བར་དུ་སྙན་ངག་གི་ཚེ་སྲོག་འཚོ་ཐུབ་ལ། སྙན་ངག་ནི་སྙན་ངག་པའི་ཚེ་སྲོག་གིས་བཞེངས་བསྐྲུན་བགྱིས་པའི་ཁྲག་གི་ཐམ་ཀ་ཡིན་ པས།སྙན་ངག་འབྲི་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་མ་ཡིན།གལ་ཏེ་རང་གི་བསམ་ གཞིགས་མེ་ལ་སྦར་བའི་ན་ཟུག་གི་ཚོར་བ་དང་།མིག་ཆུ་འོད་དུ་མཐོང་བའི་མཛེས་སྡུག་ གི་དུངས་པ་སོགས་དོར་ཏེ་སྙན་ངག་བྲིས་ཚེ།  དེ་ནི་ནམ་ཡང་དོན་དམ་གྱི་སྙན་ངག་ཞིག་མ་ཡིན།སྙན་ངག་གི་དུས་རབས་འགྲིམ་པའི་ ཀློག་པ་པོ་མེད་ན་སྙན་ངག་པའི་བསམ་བློ་གསར་བའི་རིན་ཐང་རྙེད་མི་སྲིད།དེ་བས་ སྙན་ངག་པས་དུང་སྣང་གི་གསེར་ཟམ་སྟེང་ནས་ཡིད་ཀྱི་བརྩེ་དུང་ཀློག་པ་པོར་སྟོན་ དགོས་ཤིང་།གསང་བའི་སྙིང་གཏམ་ཡང་ཀློག་པ་པོར་བཤད་དགོས་ལ།སྙན་ངག་གི་གཟིམས་པ་ མེད་པའི་སྒྲོན་མེ་ཀློག་པ་པོའི་ཞིང་ཁམས་ལ་སྦར་དགོས།ད་དུང་སྙན་ངག་གི་གསར་ གཏོད་ཀྱང་ཀློག་པ་པོའི་ཆེད་དུ་བྱེད་དགོས།ཀྱེ་སྙན་ངག་པ་ལགས།ཀློག་པ་པོའི་ཆེད་ དུ་ང་ཚོས་མཚན་ཉིད་རིག་པ་བཞིན་ཡལ་བ་མེད་པའི་སྙན་ངག་གི་ཉི་མ་ཞིག་མི་ཡུལ་འདིར་ འདྲེན་དགོས།