འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Saturday 7 April 2012
བྱ་གཞུང་དབྱངས་བྷ།
ཉེ་སྔོན་རྒྱ་ཡིག་གི༼ཀློག་པ་པོ༽ཞིག(༠༩ལོའི་དེབ་བཅུ་པ)ལས་ཁ་བྱང་ལ༼ཕ་གིའི་འཇིག་རྟེན་དབེན་ཐང་ཐང༽ཞེས་པའི་རྩོམ་ཐུང་ཞིག་མཐོང་བྱུང་། བརྗོད་བྱ་ནི་རྩོམ་པ་པོ་ཨ་མེ་རི་ཁ་དང་ཁེ་ན་ཏ་ལ་ཡུན་ཐུང་འགྲུལ་སྐྱོད་བྱས་པའི་མྱོང་ཚོར་བྲིས་པ་ཞིག་རེད། རྩོམ་ལསརང་དབང་གི་འཇིག་རྟེནཞེས་ཀུན་གྱིས་སྨོན་པའི་རྒྱལ་ཁབ་དེ་གཉིས་ན་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་འདུ་ཤེས་ཚད་མཐོན་པོ་ཡོད་ནའང་། དེ་གའི་མི་རྣམས་ནི་སྲང་ལམ་དང་ཟ་ཁང་། སྤྱི་སྤྱོད་རླངས་འཁོར་ནང་དང་སྒོ་རའི་ཕྱི་ནང་སོགས་གང་དུའང་ཁ་ཁུ་སིམ་པོར་གནས་སྡོད་བྱེད་པའི་ཚུལ་དང་། དེ་ནི་ཁྲིམས་ལུགས་དང་ཉེས་ཆད་གཅོད་པ་སོགས་བཙན་དབང་གིས་བཀག་སྡོམ་བྱས་པའི་མཇུག་འབྲས་མིན་པར། སྤྱི་ཚོགས་འཚོ་བའི་གཟུགས་མེད་ཀྱི་སྤྱི་སྲོལ་ཞིག་དང་། རང་བྱུང་གི་གོམས་གཤིས་ཤིག སྒེར་མིའི་སྤུས་ཚད་ཀྱི་མངོན་སྟངས་ཤིག་ཡིན་ཚུལ། མི་ལ་ལྷིང་འཇགས་དང་། ལྷོད་བག འཆམ་མཐུན་གྱི་ཚོར་སྣང་སྦྱིན་པར་བྱེད་ཚུལ། མིའི་ལུས་ཁམས་དང་སེམས་ཁམས་བདེ་ཐང་ལ་ཤིན་ཏུ་སྨན་ཚུལ་སོགས་བརྗོད་འདུག
ཁོ་བོ་ནིརང་དབང་གི་འཇིག་རྟེནལ་འགྲོ་མྱོང་མེད་ནའང་། ཡུན་རིང་གི་དཔེ་ཀློག་དང་ཆེད་དུ་དང་ཆེད་དུ་མ་ཡིན་པའི་བརྟག་གཞིག་གི་དབང་གིས། ཡུལ་དེ་གའི་རང་དབང་གི་ཚད་དང་དེའི་འབྱུང་རྐྱེན་སོགས་ལོ་རྒྱུས་འཕེལ་རིམ་ལ་འདྲིས་ཆ་ངེས་ཅན་ཡོད་པ་ཡིན། དེར་མ་ཟད། དེའི་སྐོར་གྱི་དྲང་ལྡོག་གཉིས་ཀྱི་དཔྱད་བརྗོད་ཀྱང་མང་པོ་ཞིག་བཀླགས་མྱོང་ཡོད། རྩོམ་ཐུང་འདི་ལས་ངས་དམིགས་བསལ་གྱི་ཚོར་སྣང་གསར་པ་ཅི་ཡང་རྙེད་མ་སོང་། ཡིན་ནའང་། ཉིན་གཅིག་གི་འུར་སྒྲ་འཇགས་རྗེས་ཀྱི་མཚན་ཕྱེད་འདིར། རྩོམ་ཐུང་དཀྱུས་མ་ཞིག་བཀླགས་རྗེས་ང་རང་གཉིད་མི་ཁུག་དོན་ག་རེ་ཡིན་ནམ། རྩོམ་ཐུང་དཀྱུས་མ་ཞིག་གིསརང་དབང་གི་འཇིག་རྟེནལ་སྨོན་པའི་ཚོར་ཤེས་དེ་སྔར་ལས་བརྒྱ་འགྱུར་གྱིས་འཕེལ་བཅུག་པའི་རྒྱུ་རྐྱེན་ཡང་ཅི་ཞིག་ཡིན་ནམ།
ཁོ་བོ་ནི་མ་གཞི་ནས་ཁུ་སིམ་སིམ་སྡོད་པར་དགའ། མི་ཚེའི་ཕྱེད་ཙམ་གྱི་དུས་ཚོད་ཕལ་ཆེ་བ་ནི་རང་ལ་དབང་བའི་གྲུ་ཟུར་དུ། ཁ་ཁུ་སིམ་པོར་དཔེ་ཀློག་བྱེད་པའམ་རྩོམ་འབྲི་བ། བསམ་གཞིགས་བྱེད་པ། རོལ་དབྱངས་ལ་ཉན་པ་སོགས་ཀྱིས་འདའ་བར་བྱས་པ་ཡིན། ཡིན་ནའང་། ང་རང་བཀའ་ལྟར་རྒྱ་ནང་ནས་བོད་ཀྱི་ཕྲུ་གུ་དག་ལ་བོད་ཡིག་ཁྲིད་ཅིང་བསྡད་པའི་ལོ་ངོ་གཅིག་གི་རིང་ལ། ཁོ་བོའི་རང་ལ་དབང་པའི་ལྷིང་འཇགས་ཀྱི་གྲུ་ཟུར་དེ་ཡོངས་སུ་ཕྲོགས་སོང་། ང་རང་གཡོལ་མེད་བཟློག་མེད་ཀྱི་འུར་ཟིང་ཀློང་དུ་བསྣུབས་སོང་། ཁྲོམ་སྲང་དང་ཟ་ཁང་། གཞུང་ལས་ཁང་། སྤྱི་སྤྱོད་རླངས་འཁོར་ནང་། ཐ་ན་མལ་ཁང་གི་བར་ཁྱམས་སོགས་འགྲོ་སྡོད་ཉལ་འཆག་གི་ཁོར་ཡུག་ཀུན་ཏུ་རྣར་གཟན་པའི་འུར་སྒྲ་ཆལ་ཆལ་བྱེད། ཞོགས་པར་འུར་སྒྲས་དཀྲོགས་པ་ནས་མཚན་མོར་འུར་སྒྲ་འཇགས་པའི་བར་དུ། ལྷིང་འཇགས་ཐོབ་འདོད་ནི་རྨི་ལམ་ཁོ་ནར་ཟད། གཟེད་དཀའ་བའི་ཚ་རྨུགས་ལ་རླུང་གཡབ་འཕྲུལ་ཆས་བསྐོར་པས་གཡོལ་ནུས་ཀྱང་། མུ་མེད་མཐའ་མེད་ཀྱི་འུར་སྒྲ་ལ་གཡོལ་བའི་ཐབས་ནི་གཞར་ཡང་རྙེད་མི་སྲིད། མི་ཁ་བརྒྱ་ཕྲག་ཁྲི་ཕྲག་ལས་ཐོན་པའི་སྨྲ་བརྗོད་ཀྱི་འུར་སྒྲས་ང་རང་འུ་ཐུག་ཐབས་ཟད་དུ་བཏང་སོང་། ཁད་ཀྱིས་ཁད་ཀྱིས། སྨྲ་བརྗོད་རང་དབང་ལ་ཞེ་ཐག་པ་ནས་དུངས་ཤིང་སྙེག་པའི་ཁོ་བོ་སྨྲ་བརྗོད་ལ་འཇིགས་ཤིང་ཞེད་དགོས་བྱུང་སོང་།
ཉིན་རྒྱུན། ཁོ་བོ་ཆེས་ཞེད་ཅིང་མགོ་བོ་ན་ས་ནི་ཁ་ལག་གཏོང་བ་དེ་ཡིན། བོད་ནང་ཡིན་ན་དབེན་ཐང་ཐང་གི་བོད་ཟས་ཁང་དུ་ཁ་ལག་གཏོང་བར་ཕྱིན་ཆོག་ཀྱང་། འདི་གར་ཉིན་གཅིག་གི་ཐུན་གསུམ་ལ་འུར་ཆལ་ཆལ་གྱི་རྒྱ་ཟས་ཁང་དུ་མི་འགྲོ་རང་འགྲོ་ཡིན། བོད་པའི་གཏམ་དཔེར།
 བོད་ཉལ་ཁར་གྲག རྒྱ་ཟ་ཁར་གྲགཟེར་བ་ཇི་འདྲའི་དོན་ལ་གནས་ཨང་། བོད་པ་ཡིན་ནཁ་བཟའ་བཏུང་གིས་ཆོད་པར་གྱིསཞེས་ཁ་ལག་གཏོང་དུས་ཁུ་སིམ་སིམ་བྱེད་པར་མོས།
ཟས་ཟ་དུས་ཅིས་ཀྱང་བཤད་དགོས་བྱུང་པའི་སྐད་ཆ་ཡང་མི་རེ་རེ་ནས་བཤད་ཅིང་བྱིངས་ཀྱིས་ཁ་ཁུ་སིམ་པོར་ཉན། རྒྱ་ནག་པ་ནི་དེ་ལས་ལྡོག་སྟེ། ཁ་ལག་གཏོང་དུས་ནི་སྐད་ཆ་ཆེས་མང་བའི་དུས་དང་། སྐད་གཟེངས་ཆེས་མཐོ་བའི་དུས། འུར་ཟིང་ཆེས་ཆེ་བའི་དུས་རེད། ཟས་རིགས་སྒྲོག་ཙེའི་སྒང་ལ་བསྒྲིགས་པ་ན་སྐད་ཆ་ཅིས་ཀྱང་བཤད་དགོས་པ་ནང་བཞིན་འུར་ཆལ་ཆལ་བྱེད། དེར་མ་ཟད། བློར་མི་ཤོང་བ་ཞིག་ནི་སྒྲོག་ཙེ་གཅིག་གི་མཐའ་རུབ་པའི་མི་ཕལ་ཆེ་བས་མགྲིན་གཟེངས་བཏེགས་ཏེ་མཉམ་བཤད་རྒྱག ཁོ་པ་ཚོས་ཁ་ནས་རང་གིས་བརྗོད་ཞོར་དུ་རྣ་བས་གཞན་ལ་ཉན་ཐུབ་ཀྱི་ཡོད་ཚོད་རེད། ཟ་བ་ལ་མཐོང་ཆེན་པོ་བྱེད་པ་ནང་བཞིན་བཤད་པ་ལ་དེ་བཞིན་གཙིགས་ཆེན་པོ་བྱེད། ཟ་བའི་རིག་གནསའཛམ་གླིང་གི་ཡང་རྩེ་ཡིན་པའི་རྒྱ་ནག་པའི་བཤད་པའི་རིག་གནསལ་ནི་དེ་བས་ཀྱང་དོ་ཟླ་གཞར་ཡང་ཡོད་ཚོད་མ་རེད། ཆེ་བ་གཉེན་སྟོན་སྤྲོ་ཚོགས་ནས་ཆུང་བ་གྲོགས་པོའི་འདུ་འཛོམས་སོགས་སྒེར་གཞུང་གི་མཉམ་འཛོམས་མཐའ་དག་གི་སྐབས་སུའང་། བོད་པ་ནང་བཞིན་གླུ་གར་རྩེད་མོ་དང་བྱེད་སྒོའི་གོ་རིམ་ཁྲོད་ཀྱི་སྤྲོ་སྣང་ལ་དོ་སྣང་མི་བྱེད་པར་ཟ་བ་དང་བཤད་པ་ཁོ་ན་ནི་གོ་རིམ་རེད་ལ་མཇུག་འབྲས་ཀྱང་རེད། གང་བཤད་པའི་བརྗོད་སྙིང་ཡང་བཟའ་བཏུང་ལྟོ་རྒྱབ་དང་འབྲེལ་བའི་དོན་བྱ་ཙག་ཙིག་ཉིད་དོ།། ཟ་དུས་ཅིས་ཀྱང་བཤད་དགོས་ཤིང་། བཤད་དུས་ཅིས་ཀྱང་ཟ་དགོས། དེ་གཉིས་ཀྱི་བར་དུ་རྟེན་འབྲེལ་གྱི་སྦྲེལ་ཐག་ཅིག་རྙེད་དཀའ་ནའང་། རྒྱ་ནང་དུ་དེ་གཉིས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཡོད། གྲིབ་མ་ལུས་དང་ཕྲལ་བའི་ཐབས་ཤེས་སུ་ལ་ཡོད་ཨང་། ནམ་རྒྱུན། ང་རང་བཀྲེས་ལྟོགས་ཀྱིས་ཁྲིད་དེ་ཐུན་གསུམ་ལ་ཟ་ཁང་གང་རུང་དུ་བྲེལ་སྟབས་ཀྱིས་འཛུལ་དགོས་ཡོད་ཅིང་། གྲོད་པ་འགྲང་ཐབས་ཀྱིས་རྗེས་སུ་ཡང་བསྐྱར་འུར་སྒྲས་དེད་དེ་དངངས་སྟབས་ཀྱིས་ཕྱི་རུ་འབྲོ་དགོས་ཡོད། ལོ་གཅིག་གི་རིང་འདིར། ང་ལ་མཚོན་ན་ཁ་ལག་གཏོང་བའི་གོ་རིམ་ནི་བཟའ་བཏུང་རོ་བཅུད་ལ་ལོངས་སྤྱོད་པའི་གོ་རིམ་མ་ཡིན་པར། ལྟོ་བ་འགྲང་བའི་ཆེད་དུ་བྱས་པའི་ལས་ཀ་ཐབས་སྡུག་པོ་ཞིག་རེད། ཡིན་ནའང་། འུར་ཟིང་ལ་འཇིགས་པའི་དབང་གིས། གྲོད་པ་སྟོང་པར་སྡོད་ནུས་མཁན་སུ་ཞིག་ཡོད་ཨང་།
ཡང་གཅིག་བཤད་ན། སྐད་ཆ་བཤད་མི་བཤད་ཀྱི་རང་དབང་དང་། སྐད་ཆར་ཉན་མི་ཉན་གྱི་རང་དབང་སྟེ། སྨྲ་བརྗོད་རང་དབང་ནི་མི་ཞིག་ལ་སྐྱེས་མ་ཐག་ནས་ཡོད་པ་རེད། ཡིན་ནའང་། རང་དབང་ཡོད་ཚད་ཀྱི་མཐའ་ཐིག་ཉག་གཅིག་ནི་གཞན་གྱི་འཚོ་སྡོད་ལ་གནོད་པ་མི་བཟོ་བ་དེ་རེད། དཔེར་ན། ཁྱོད་ཀྱིས་མ་བཤད་པའི་ཡར་སྔོན་ལ། གཞན་གྱིས་ཉན་འདོད་མི་འདོད་དང་གཞན་ལ་སུན་པོ་བཟོ་སྲིད་མི་སྲིད་ལ་བསམ་བློ་གཏོང་འོས་པ་ལྟ་བུ་རེད། ཡང་ན། ཁྱོད་ལ་སྐད་ཆ་བཤད་པའི་རང་དབང་ཡོད་ཀྱང་ཉན་མི་འདོད་པ་ལ་བཙན་ཤེད་བྱེད་པ་དང་གཞན་ལ་སུན་པོ་བཟོ་བའི་རང་དབང་ཡེ་ནས་མེད་པའོ།། རྒྱུ་མཚན་ནི། ཁྱོད་ཀྱིས་སྐད་ཆ་བཤད་པའི་རང་དབང་ལ་ལོངས་སྤྱོད་ཆེད་དུ། གཞན་དག་ཁུ་སིམ་སིམ་སྡོད་འདོད་ཀྱི་རང་དབང་ཕྲོགས་པས་རེད། དེ་ནི་སྤྱི་ཚོགས་དཔལ་ཡོན་དང་སྒེར་མིའི་སྤུས་ཚད་ཁོ་ནར་རག་ལས་པའི་དོན་དག་ཅིག་རེད། གནས་ལུགས་བརྩི་མཁན་བྱིས་པ་ཡིན་ཡང་གསལ་འདེབས་རྒྱག་དགོས་མེད་ཅིང་། གནས་ལུགས་མི་བརྩི་མཁན་བགྲེས་པོ་ཡིན་ཡང་གསལ་འདེབས་བརྒྱབ་ཀྱང་འབྲས་བུ་མེད་པའི་དོན་དག་ཅིག་ཀྱང་རེད། སྨྲ་བརྗོད་རང་དབང་གི་མ་དཔེ་ལྟ་བུའིརང་དབང་གི་འཇིག་རྟེནདུ་འཚོ་བའི་མི་རྣམས་ཁུ་སིམ་པོར་སྡོད་དོན་ཡང་སྐད་ཆ་འཛད་པས་ག་ལ་ཡིན་ཏེ། རང་གཞན་ཀུན་པོར་ལྷིང་འཇགས་དང་། ལྷོད་བག འཆམ་མཐུན་གྱི་འཚོ་སྡོད་ཁོར་ཡུག་ཅིག་བསྐྲུན་ཆེད་མ་རེད་དམ། རང་གི་རང་དབང་ལ་བརྩི་འཇོག་བྱེད་པ་ནང་བཞིན་གཞན་གྱི་རང་དབང་ལ་གོང་བཀུར་བྱས་པའི་འབྲས་བུ་མ་རེད་དམ། དེ་ལྟ་བུའི་རང་དབང་གི་འདུ་ཤེས་ཕྲ་མོ་དག་ནིརང་དབང་གི་འཇིག་རྟེནཆགས་པའི་རྨང་རྡོ་བརྟན་ཅིང་བརླིང་བ་དེ་རེད་ཨང་།
ཞིབ་ཏུ་བསམས་ན། སྨྲ་བརྗོད་ལ་བྱེད་ནུས་གཉིས་ཡོད་པར་སྣང་སྟེ། གོ་བརྡ་སྤྲོད་པ་དང་བསམ་བློ་བརྗེ་རེས་བྱེད་པའོ།། སྔ་མ་ནི་གཙོ་ཆེ་བར་འཚོ་ཚིས་གཉེར་བའི་དགོས་མཁོའི་ཆེད་དུ་དང་། ཕྱི་མ་ནི་རིག་གནས་བགྲོ་གླེང་ངམ་བདེན་ལུགས་འཚོལ་སྙེག་གི(བདེན་པ་བརྡར་བའི)ཆེད་དུ་རེད། སྔ་ཕྱི་གང་ཡིན་ཡང་སྨྲ་བརྗོད་སྤེལ་བའི་གོ་རིམ་ཁྲོད་དུ་སྒེར་མིའི་སེམས་ཁོང་གི་དགའ་སྐྱོ་བདེ་སྡུག་གི་ཚོར་སྣང་མཐའ་དག་བསང་བའི་ཕན་ནུས་ཡོད་པ་སྨོས་ཅི་དགོས། མིའི་ཚེ་སྲོག་ནི་ས་སྒང་དུ་གནས་པའི་སྔོ་དྭངས་དྭངས་ཀྱི་མཚེའུ་ཞིག་ཡིན་པའི་དབང་དུ་བཏང་ན། དེའི་ནང་དུ་དགའ་སྐྱོ་བདེ་སྡུག་གི་མི་ཚེའི་མྱོང་སྣང་མཐའ་དག་མཚོ་ཆུ་བཞིན་ལྟེམས་མེར་འཁྱིལ་ཏེ་ཡོད། མཚོ་ཆུ་བསགས་པ་མང་དྲགས་ན་རགས་ཁ་བརྡོལ་བའི་ཉེན་ཁ་འབྱུང་ཞིང་། བྱོ་བ་མང་དྲགས་ན་མཚོ་ཆུ་འཛད་དེ་མཚོ་ལུང་སྟོང་པར་ལུས་པའི་ཉེན་ཁ་འབྱུང་། ཉེན་ཁ་རིགས་གཉིས་ཀྱི་བར་དུ། མི་རྣམས་ཀྱིས་སྐབས་དང་སྐབས་སུ་ངག་ཐོག་དང་ཡིག་ཐོག་གི་སྨྲ་བརྗོད་ལ་བརྟེན་ནས་འོས་འཚམས་ཀྱིས་ཕྱི་རུ་བྱོ་བའམ་བསང་པ་དེ་ཐབས་ལམ་དམ་པར་ལྟ་བ་རེད། མི་ཚེའི་བརྒྱུད་རིམ་རིང་མོར། བསམ་བློ་ཡོད་མཁན་དག་ནི་ཚེ་སྲོག་གི་མཚོ་ལུང་མི་སྟོངས་པའི་ཆེད་དུ་ཉིན་རྒྱུན་ཁུ་སིམ་སིམ་སྡོད་ཅིང་། བསམ་བློའི་ལྟ་ཚུལ་གང་དེར་བསམ་གཞིགས་ཀྱིས་བརྡར་ཤ་ཆོད་དུས་གཞི་ནས་ངག་ཐོག་གམ་ཡིག་ཐོག་གང་རུང་ནས་ཀུན་ལ་སྒྲོག་པར་བྱེད། བསམ་བློས་ཕོངས་པ་དག་གིས་ནི་ཁ་ཐོག་མིག་ཐོག་གི་དོན་བྱ་ཙག་ཙིག་ཅི་ཡོད་དག་དང་། མྱོང་སྣང་ཐན་ཐུན་གང་ཡོད་དག་གཞན་ལ་སྐད་གཟེངས་མཐོན་པོས་འཆད་པར་བྱེད།
ངོ་བོའི་ཆ་ནས་བཤད་ན། མི་ནི་ཁེར་རྐྱང་གི་ངང་དུ་འཚོ་བ་ཡིན་ཏེ། ཁེར་ཧྲེང་ངེར་འཇིག་རྟེན་དུ་འོངས་ཤིང་། ཁེར་ཧྲེང་ངེར་འཇིག་རྟེན་དུ་འཚོ། སླར་ཡང་ཁེར་ཧྲེང་ངེར་འཇིག་རྟེན་དང་འབྲལ་བ་མ་ཡིན་ནམ། ཁེར་ཧྲེང་ངེར་སྡོད་དུས། མི་ནི་གཞི་ནས་རང་ལ་དབང་སྲིད། མི་ཞིག་རང་ལ་དབང་དུས་ད་གཟོད་མིའི་ཁྱད་གཤིས་ཏེ་བསམ་གཞིགས་ཀྱི་ནུས་པ་ཡོད་པ་རེད། མིའི་རིགས་ཀྱི་བསམ་བློ་དང་གསར་སྐྲུན་གྱི་དངོས་པོ་ཡོད་ཚད་ཁེང་རྐྱང་དང་ལྷིང་འཇགས་ཁྲོད་ནས་བལྟམས་ཤིང་། མིའི་རིགས་ཀྱི་ཤེས་རིག་ཡོད་དོ་ཅོག་ཀྱང་རྩ་བའི་ཆ་ནས་ལྷིང་འཇགས་ལས་སྐྱེས་པ་རེད། ལྷིང་འཇགས་ཁྲོད་ཀྱི་བསམ་གཞིགས་ཡོད་པས། ད་གཟོད་མིའི་རིགས་སེམས་ཅན་ཀུན་གྱི་དྭངས་མའམ་ཐུ་བོར་གྱུར་པ་ཡང་རེད། དེ་ཡང་གསལ་བོར་བཤད་ན། ལྷིང་འཇགས་ཀྱི་འཚོ་སྡོད་ཁོར་ཡུག་ལས་ད་གཟོད་ལེགས་ཉེས་བདེན་རྫུན་ལ་དཔྱོད་པའི་བསམ་གཞིགས་འཁྲུངས་ནུས་ཤིང་། དོགས་སློང་གིས་སྣེ་དྲངས་པའི་བསམ་གཞིགས་ཀྱི་སྟོབས་ཀྱིས་ཉེས་རྫུན་སྐྱེད་བྱེད་ཀྱི་རྒྱུ་དང་དེ་གཏོར་བའི་འདུ་ཤེས། བདེན་ལེགས་འཛུགས་སྐྲུན་གྱི་ཐབས་དང་དེ་སྲུང་བའི་སྙིང་སྟོབས་ཏེ། མི་བུ་ཞིག་གི་བསམ་བློ་བསྐྱེད་པར་བྱེད། ཡང་མིའི་རིགས་ཀྱི་ཁྱད་ནོར་ཡིན་པའི་བསམ་བློ་ཁོ་ནས་ད་གཟོད་མིའི་རིགས་ཀྱི་ངེས་དོན་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པའི་རང་དབང་དང་འདྲ་མཉམ། དམངས་གཙོ། དྲང་སྙོམ། རྩིས་ཐང་། ཕན་སེམས། དད་འདུན། ཞི་བདེ་སོགས་མངོན་དུ་བྱེད་པར་ནུས། སྤྱི་འགྲོས་ལྟར་བྱས་ན། ལྷིང་འཇགས+བསམ་གཞིགས+བསམ་བློ=བདེ་སྐྱིད(རང་དབང)དོ།། དེ་ལྟར་བསམས་ཤིང་བསམས་ན། མི་རྣམས་ཀྱིས་ཉིན་མཚན་དུས་དྲུག་ལ་ཟམ་མི་ཆད་པར་སྐད་ཆ་བཤད་དགོས་བྱུང་དོན་ནི། བསམ་བློས་ཕོངས་པས་ཡིན་སྲིད། ཇི་ལྟར་བསམ་བློས་ཕོངས་ན་དེ་ལྟར་སྐད་གཟེངས་མཐོ་རུ་འདེགས་དགོས་བྱུང་ཤིང་། ཇི་ལྟར་འུར་ཆལ་ཆལ་བྱས་ཚེ་དེ་ལྟར་བསམ་བློ་དང་རྒྱང་གིས་ཆོད་པར་བྱེད། མ་གཞིར། ཐལ་དྲགས་པའི་སྨྲ་བརྗོད་ནི་སེམས་ཁོང་སྟོང་དྲགས་པའི་མངོན་སྟངས་ཤིག་རེད་ཨང་། སེམས་པའི་མཚོ་ལུང་སྟོངས་པའམ་བསམ་བློས་ཕོངས་པའི་མཇུག་འབྲས་ནི་མིའི་རིགས་ཀྱི་ཆེས་ཆེ་བའི་གོད་ཆག་གམ། ཡང་ན་མིའི་རིགས་ཀྱི་འདས་མ་ད་གསུམ་གྱི་གོད་ཆག་མཐའ་དག་གི་བྱེད་གཏེ་ཉག་གཅིག་ཡིན་པར་མཐོང་། རྒྱུ་མཚན་ཧ་ཅང་སླ་སྟེ། སྤྱི་ཚོགས་གང་རུང་གི་རྩ་བའི་གྲུབ་ཆ་ཡིན་པའི་མི་ལ་བསམ་བློས་ཕོངས་ཚེ། སྤྱི་ཚོགས་གང་དེའི་ལེགས་ཉེས་བདེན་རྫུན་གྱི་དབྱེ་མཚམས་འཆོལ་བར་འགྱུར་ཞིང་། སྤྱི་ཚོགས་རྒྱུ་འབྲས་གྱི་མ་ལག་དང་རིན་ཐང་གི་མ་ལག་རྨང་ནས་ཉིལ་ཞིང་ཞིག་འགྲོ་བས་དང་། དེ་དང་འགྲོགས་ནས་ཉེས་རྫུན་མུན་པའི་རྩ་ལག་ལ་སྟོབས་དར་ཏེ་མིའི་རིགས་བདེ་སྐྱིད་ཀྱི་གཞི་རྩ་ཡིན་པའི་རང་དབང་དང་འདྲ་མཉམ། དམངས་གཙོ། དྲང་སྙོམ། རྩིས་ཐང་། ཕན་སེམས། དད་འདུན། ཞི་བདེ་སོགས་རྩད་ནས་བརླག་འགྲོ་བས་སོ།། དེ་ནི་མིའི་རིགས་ཧྲིལ་བོའི་ལོ་རྒྱུས་སྟེང་དུ་ཡང་སྐོར་བསྐྱར་སྐོར་གྱིས་བྱུང་ཞིང་འབྱུང་བའི་སྐྱོ་གར་དང་གོད་ཆག་མཐའ་དག་གི་འབྱུང་རྐྱེན་གཙོ་ཤོས་སུ་སེམས། ཡང་གཅིག་བཤད་ན། བསྐྲུན་པའི་ཚེ་ན་མིའི་རིགས་ཕན་བདེ་དགེ་ལེགས་ཀྱི་སྐྱེད་ཡུམ་ཡིན་ཞིང་། བརླག་པའི་ཚེ་ན་མིའི་རིགས་སྐྱོ་གར་གོད་ཆག་གི་འབྱུང་རྩ་ཡིན་པའི་རིན་པོ་ཆེ་དེ་དག་ནི། སྐྲུན་བྱེད་བསམ་བློ་རེད་ཅིང་བསམ་བློ་ལྷིང་འཇགས་ལས་སྐྱེས། རླག་བྱེད་རྨོངས་པ(ཆུ་སྣ་གར་འཁྲིད)རེད་ཅིང་རྨོངས་པ་འུར་ཟིང་
ལས་སྐྱེས། དེ་ཡང་སྤྱི་འགྲོས་ལྟར་བྱས་ན། འུར་ཟིང+བསམ་བློས་ཕོངས་པ+ཆུ་སྣ་གར་འཁྲིད=སྡུག་བསྔལ(སྒེར་གཅོད)ལོ།།
རང་དབང་གི་འཇིག་རྟེནདུ་རང་དབང་གིས་འཚོ་གཞེས་གནང་གིན་པའི་མི་རྣམས་ཀྱང་། ཐོག་མ་ཉིད་ནས་རང་དབང་ཀུན་འཛོམས་ནི་ག་ལ་ཡིན་ཏེ། ནུབ་གླིང་ཤེས་རིག་ལོ་རྒྱུས་ཀྱིཚེར་མའི་ལམལ་ལན་གཅིག་བལྟས་པས་ཀྱང་། ཁོ་པ་ཚོའི་རང་དབང་ནི་སྐྱེས་ཆེན་ཁྲི་སྟོང་མང་པོའི་བསམ་བློའི་གསེར་སོན་ལས་དཀའ་བ་བརྒྱ་ཕྲག་གིས་ག་ལེར་འབུས་པ་རྟོགས་འོངས། རང་དབང་ལ་སྤྱིའི་ཆ་ནས་གསུམ་ཡོད་པར་སེམས་ཏེ། བསམ་གཞིགས་རང་དབང(ཡིད)དང་། སྨྲ་བརྗོད་རང་དབང(ངག)། སྤྱོད་ལམ་རང་དབང(ལུས)ངོ།། ལུས་ངག་ཡིད་གསུམ་དུ་ཕྱེ་བའི་རང་དབང་དེའང་ལྟོས་མེད་མ་ཡིན་པར་ལྟོས་བཅས་འབའ་ཞིག་རེད་དེ། གང་ལ་ལྟོས་པ་རེད་ཟེར་ན། སེམས་ཅན་གཞན་དག་གི་འཚོ་སྡོད་ལ་འཚེ་མི་འཚེ་ལ་ལྟོས་པའོ།། དེ་ལྟར་བསམས་ན།
 རང་དབང་གི་འཇིག་རྟེནདུ་རང་དབང་གིས་འཚོ་བའི་མི་རྣམས་ཁུ་སིམ་སིམ་གྱིས་སྡོད་དོན་ཡང་། སྨྲ་བརྗོད་རང་དབང་གི་ཚད་མཐོ་བའི་མངོན་སྟངས་ཤིག་དང་། རང་དབང་གོང་བཀུར་གྱི་འདུ་ཤེས་རླབས་པོ་ཆེ་དེ་ཀུན་གཞིའི་མཐིལ་ལ་སིམ་པའི་མི་གཤིས་ཀྱི་བྲིས་རིས་མ་ཡིན་ནམ། ཁོ་པ་ཚོས་སྒེར་མིའི་རྩིས་ཐང་དང་ཚེ་སྲོག་གི་དོ་ཁུར། སྤྱི་ཚོགས་ཕན་བདེ་སོགས་དོན་བྱ་ཆེན་པོ་དག་ལ་དམིགས་གཏོད་དུས། སྨྲ་བརྗོད་ཀྱི་འབོད་སྐད་སྲང་ལམ་ཆེ་ཆུང་ནས་རྗེ་བོའི་ཕོ་བྲང་བར་དུ་སྒྲོག་པར་བྱེད་ཅིང་། བཟའ་བཏུང་ལྟོ་རྒྱབ་དང་འབྲེལ་བའི་དོན་བྱ་ཙག་ཙིག་དག་ལ་དམིགས་གཏོད་དུས། དགའ་སྐྱོ་བདེ་སྡུག་ཡོད་ཚད་རང་སོ་སོར་དབང་བའི་བར་སྣང་ཆུང་ཆུང་ནས་ཕྱིར་བྱོ་བ་སྟེ། ཁྱིམ་མཚེས་གཡས་གཡོན་གྱིས་མཚོན་པའི་མི་གཞན་དག་ལ་བསམས་ཏེ་ལྷིང་འཇགས་ཀྱི་ཁོར་ཡུག་ལ་གཅེས་སྲུང་བྱེད། དེ་ནི་ཏག་ཏག་སྨྲ་བརྗོད་རང་དབང་སྟེ། བཤད་མི་བཤད་ཀྱི་རང་དབང་དང་། ཉན་མི་ཉན་གྱི་རང་དབང་ལ་གོང་བཀུར་བྱེད་པའི་བསམ་སྦྱོར་རོ།། ཡང་གཅིག་བཤད་ན། སྨྲ་བརྗོད་རང་དབང་ཞེས་པ་དེ། ཁྲོམ་སྲང་དང་ཟ་ཁང་། གཞུང་ལས་ཁང་། སྤྱི་སྤྱོད་རླངས་འཁོར་སོགས་སྤྱི་པའི་འདུ་ར་དག་ནས་བཟའ་བཏུང་ལྟོ་རྒྱབ་དང་འབྲེལ་བའི་དོན་བྱ་ཙག་ཙིག་དག་འུར་གྱིས་སྒྲོག་ཆོག་མིན་ལ་བཤད་པ་ཡིན་ན་ནི། དེ་ལ་བསྙེགས་ཤིང་བརྩོན་པའི་དཀའ་ལས་རྒྱག་དགོས་མེད་དེ། མིའི་རིགས་ལོ་རྒྱུས་སྟེང་གི་སྒེར་གཅོད་པ་སུ་གང་གིས་ཀྱངསྐད་ཆ་བཤད་མི་ཆོགཅེས་ཡེ་ནས་བཀག་མྱོང་མེད་པས་སོ།། རྒྱུ་མཚན་ནི། གཏད་སོ་མེད་པའི་མི་ཁ་མཉམ་འུར་གྱི་འཁྲུག་ཆའི་ཕྱི་ཤུན་ག་ལེར་བཤུས་པའི་ནང་སྙིང་ནི་ཆུ་སྣ་གར་འཁྲིད་ཀྱི་རྨོངས་པ་རེད་དེ། ཏག་ཏག་རིགས་སྣ་ཚོགས་པའི་སྒེར་གཅོད་མཐའ་དག་རྩ་ལག་རྒྱས་སའི་གཤིན་ས་སྣུམ་པོ་དེ་ཡིན་པས་རེད། བསམས་ཤིང་བསམས་ན། རང་དབང་གི་འཇིག་རྟེནགྱི་མི་དག་འུར་ཟིང་ལ་ཞེད་ཅིང་བཀྱེད་པ་ནི་རྨོངས་པ་དང་སྒེར་གཅོད་ལ་ཞེད་ཅིང་བཀྱེད་པ་རེད་འདུག་ཅིང་། ལྷིང་འཇགས་ལ་མོས་ཤིང་བསྙེགས་པ་ནི་བསམ་བློ་དང་རང་དབང་ལ་མོས་ཤིང་བསྙེགས་པ་རང་རེད་འདུག འུར་ཟིང་དང་ལྷིང་འཇགས་ཞེས་པའི་མིང་བརྡ་འདི་གཉིས་ལ་ཧེ་བག་ཇི་འདྲའི་ཆེ་བ་ལ་ཨང་། མིང་བརྡ་ཆུང་ཆུང་འདི་གཉིས་ཀྱི་ལྟག་རྒྱབ་ཏུ། མིའི་རིགས་བདེ་སྡུག་ལས་དབང་གི་འབྱུང་རྐྱེན་དང་རྒྱབ་ལྗོངས་རྒྱ་ཆེན་པོ་དེ་བསྐུངས་ཡོད་པ་རེད་ཨང་།
ང་སྡོད་ས་ནི་ཧོ་པེའི་དགེ་ཐོན་སློབ་གྲྭ་ཆེན་མོའི་འཁྲིས་ཏེ། གྲོང་ཁྱེར་ཧྲི་ཅ་ཀྲོང་གིམཐོ་རིམ་སློབ་གྲྭའི་ཁུལདུ་གྲགས་པའི་ལྷོ་ནུབ་ཁུལ་ཡིན་ཞིང་། གཡས་གཡོན་མདུན་རྒྱབ་ཐམས་ཅད་སློབ་གྲྭ་ཆེན་མོས་བསྐོར་ཏེ་ཡོད། ཉེ་འགྲམ་གྱི་སྲང་ལམ་དང་ཟ་ཁང་དག་ན། འདུ་འཛི་ལང་ལོང་བྱེད་མཁན་རྣམས་ཀྱང་སློབ་གྲྭ་ཆེན་མོ་པ་དང་སློབ་ཆེན་སློབ་དཔོན་དག་ཡིན་པ་སྨོས་ཅི་དགོས། གྲོང་ཁྱེར་ཞིག་གི་བསམ་བློ་དང་ཤེས་རིག་གི་ཕ་གཞིས་ཡིན་པའིམཐོ་རིམ་སློབ་གྲྭའི་ཁུལདུའང་། ཨ་རི་སོགས་སུ་ག་སར་རྙེད་དུ་ཡོད་པའི་དབེན་ཐང་ཐང་གི་རིག་གནས་ཁ་དབུགས་དེ་རྙེད་མ་བྱུང་། བསམ་བློ་འཚོལ་མཁན་དང་ཤེས་རིག་སྐྲུན་མཁན་ཡིན་པའི་ཁོ་ཚོ། མ་གཞི་འུར་ཟིང་ལ་བཀྱེད་ཅིང་ལྷིང་འཇགས་ལ་བཏུད་ན་འོས་མོད་ཀྱང་། དེ་ལས་ལྡོག་སྟེ། ལྷིང་འཇགས་ལ་བཀྱེད་ཅིང་འུར་ཟིང་སྐྲུན་པར་མོས། བསམས་ཤིང་བསམས་ན། མི་ཆེ་ཆུང་ཀུན་གྱིས་སྐད་གཟེངས་བཏེགས་ཏེ་འུར་ཆལ་ཆལ་གྱིས་ཅི་ཞིག་བཤད་ཀྱིན་པའི་འཇིག་རྟེན་དུ། རང་དབང་དང་དམངས་གཙོའི་སྒུལ་ཤུགས་ཡིན་པའི་བསམ་བློ་འཁྲུངས་སྲིད་དམ། ཡུལ་དུས་ཁོར་
ཡུག་ལ་དབྱེ་བ་མེད་པར་འུར་སྒྲ་གསར་སྐྲུན་བྱེད་ཅིང་། མི་གཞན་ལ་ལྷིང་འཇགས་དགོས་མིན་ལ་བསམ་བློ་ཁྱོན་ནས་གཏོང་མི་སྲིད་པའི་ན་གཞོན་མི་རབས་ཤིག་ལ། གཞན་གྱི་ཁེ་དབང་ཐོབ་ཐང་དང་རང་དབང་རྩིས་ཐང་ལ་གོང་བཀུར་བྱེད་པའི་འདུ་ཤེས་ཡོད་སྲིད་དམ།
ང་ཞེད་ཀྱི་འདུག ང་ཞེད་དོན་ནི་ཁ་ལག་གཏོང་དུས་ཀྱི་འུར་སྒྲ་ཙམ་ཡིན་ན་དགའ་བ་ལ་ཨང་།
༢༠༠༩ ༥ ༤ ཉིན་གྲོང་ཁྱེར་ཧྲི་ཅ་ཀྲོང་ནས།
རྩོམ་ཡོང་ཁུངས་རང་གྲོལ་སྨྱུག་གསར་དྲ་བ།