འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Saturday 3 December 2011
-->
བྱ་གཞུང་དབྱངས་བྷ།

རི་བོའི་དཔུང་གདང་ཤིག་ཤིག་གི་ཕ་གཞིས
ཆུ་མོའི་ལག་གདང་ཤིག་ཤིག་གི་མ་གཞིས
རི་ཚོགས་ཀྱི་ཕྱི་ཤུན་འདོར་དུས  ཕ་མེས་ཀྱི་གཏམ་རྒྱུད་དྲན་བྱུང
ཆུ་རྒྱུན་གྱི་གླུ་སྒྲ་འཇགས་དུས  རྨོ་མོ་ཡི་ངག་རྒྱུན་དྲན་བྱུང
                           — སྔོན་འགྲོ 




ངག་རྒྱུན  ངག་རྒྱུན་གྱི་ཆུ་རྔ་ཕྲ་མོ
སུ་ཞིག་གི་མིག་ཀོང་ནས་བབས་འདྲའི་ཧོར་ཆུ་ཁམ་པ་སྔོ་རིང
ངག་རྒྱུན  ངག་རྒྱུན་གྱི་ཆེས་མཇུག་མཐའི་བཞུར་སྟངས་བྲང་ཁོག་ལ་འཁྱིལ་དུས
འཁོར་གསུམ་ལུས་ལ་བསྐོར་བའི་དཔའ་རྟུལ་ཤན་པ་རྣམས་ཅིས་མི་དྲན
ད་དུང བཙུན་མོའི་ར་མདར་འགྲོ་བའི་རྒྱལ་བོ
འདོད་བརྩེའི་མེ་རི་པང་བའི་བཙུན་མོ  སྐུ་མཁར་རེ་རེ་དང་གླུ་ངག་རེ་རེ
ཆགས་སྡང་གི་མིག་རྩ་དམར་པོ  གད་རྒྱངས་དང་འཁྲུག་རྩོད… …
ངའི་མིག་མདུན་དང་ཁྲག་རྩའི་སྦུབས་ནས་ཟད་ཀྱིན་པ་ཡོད་ཚད་ཅིས་མི་དྲན་ཨང

ཁྱོད་ནི་ལྟེ་ཐག་ཅིག་ཡིན་ནམ
གངས་རི་དང་མཚོ་མོ་ཁྲག་དང་ཁུ་བས་སྦྲེལ་ཡོད་དམ
ཁྱོད་ནི་ལག་པ་ཞིག་ཡིན་ནམ
ལོ་ངོ་སྟོང་ཕྲག་གི་ངག་རྒྱུན་གྱི་མེ་ཏོག་བཏུས་ཤིང་འོང་ངམ
ལོ་རེ་རེར  ཕྲུ་གུ་ཁྲི་ཕྲག་མངལ་ལ་བཟུང་བའི་ཉ་མོའི་ཁྱུ  
མཚོ་མོ་དང་གྱེས་ཏེ་གཙང་བོའི་གཞུང་ལ་འབྱོར་རྗེས
མ་བུ་ཁྲི་མ་འབུམ་གྱི་ལྡོག་ལམ་སུ་ཡིས་བཅད་སོང་ངམ

ལྟོ་བ་དཀར་པོ་ཁྲི་མ་འབུམ་གཟེབ་རྒྱའི་ཁུགས་ནས་དཀར་ཤིག་ཤིག་བྱས་བྱུང
ཁྲི་ཤོར་རྒྱལ་མོའི་གཅེས་ཕྲུག་ཁྲི་མ་འབུམ་ཕྱིར་མཚོ་མོའི་པང་ལ་ལོག་མ་བྱུང

རི་སྤྱང་དང་དགོ་ཁྱུ་གནའ་ཁྱུ་མཚོ་དར་བཞིན་ཡལ་ཤུལ་གྱི་རྩྭ་ཐང
བཙན་པོའི་དམར་ནག་གི་རུ་དཔུང་གླང་ཆེན་བཞིན་རྒྱུ་མྱོང་བའི་རྩྭ་ཐང
ལྕགས་དྲས་ཆོད་མ་ཆོད་མར་གཏུབ་པའི་རྩྭ་ཐང
གཡུང་མོ་ལུག་ཁྱུ་ཁོ་ན་བག་ཡངས་དོགས་མེད་དུ་འཚོ་བའི་རྩྭ་ཐང
གཡུང་མོ་ལུག་གི་རྩྭ་ཐང་དུ  
ཁྱོད་ཀྱི་ཆུ་རྔ་ཕྲ་མོ་དེ་ཁོ་ན་སྔོ་ལྷོག་ལྷོག་རྒྱུག་གིན་འདུག
མཇུག་མཐའི་ཉ་མོའི་ཁྱུ་དེ་ཁོ་ན་བྲེད་ཤ་འཚུབ་བེར་འཁྱུག་གིན་འདུག
ཡབ་ཆེན་གྱི་རྩྭ་ཐང  ཡུམ་ཆེན་གྱི་གཙང་བོཨང

ཟུངས་ཁྲག་བཞིན་ལྷོག་ལྷོག་རྒྱུག་པའི་ཁྱོད་ཀྱི་འགྲམ་ངོགས་སུ་འགྲེང་དུས
གདུང་ཟུག་དང་ཆགས་སྡང་ཡོད་ཚད་གཙང་བོ་ཞིག་ཡིན་པ་ཚོར་བྱུང
གཙང་བོ་དང་ངག་རྒྱུན་ཡོད་ཚད་ཀྱི་མགོ་ཁུངས་རེ་ན
གངས་རི་ལྟ་བུའི་རྒྱབ་རྩ་བཙན་པོ་རེ་ད་དུང་ཡང་བརྟན་ལྷིང་ངེར་འགྱིང་ངམ
གཙང་བོ་རབ་མེད་དེ་བྱང་ཁོག་ནས་བྲུག་ཐེངས་རེ་དང
མཚོ་སྙིང་ནས་རྒྱང་ལ་བྱེར་བའི་གསེར་བྱ་ངང་པ་རྨི་ལམ་དུ་འཁོར་ཐེངས་རེ་ལ
ངག་རྒྱུན་གྱི་ཆུ་རྔ་ཕྲ་མོ་སྲུང་ཞིང་བསྡད
ཟུངས་ཁྲག་གི་མགོ་ཁུངས་ན་གངས་རི་ལྟ་བུའི་ཅི་ཞིག་ཡོད་སེམས་ཀྱིན་བསྡད

སྐབས་དང་སྐབས་སུ
དབུ་རྩེ་གཟེང་གཟེང་གི་རི་ཚོགས་སུ་ཞིག་ལ་ཕུལ་བའི་ལབ་རྩེ་ཡིན་ནམ་སྙམ
ཆུ་རིས་ཆིལ་ཆིལ་གྱི་གཙང་བོ་སུ་ཞིག་ལ་བཤམས་པའི་མཆོད་པ་ཡིན་ནམ་སྙམ
དམར་ནག་གི་ངོ་གདོང་རེ་རེ་ནི་འགུལ་ཤེས་པའི་ངག་རྒྱུན་རེ་རེ་ཡིན་ནམ་སྙམ
སྐབས་དང་སྐབས་སུ
པོ་ཏཱ་ལ་ནི་ཚོན་རྩི་དཀར་དམར་བྱུགས་པའི་རི་བོ་ཞིག་ཡིན་ནམ་སྙམ
སྐབས་དང་སྐབས་སུ
སེམས་པ་འདི་གཙང་བོ་བཞུར་ཤུལ་གྱི་གྲམ་གཞུང་ཞིག་ཡིན་ནམ་སྙམ

སུ་ཞིག་གི་ཁ་ཕོར་དང་འདྲ་བའི་གངས་རིའི་མུ་ཁྱུད  
མིག་ཀོང་ལྟ་བུའི་ཕོར་ཁ་ན  སྔོ་ཆིལ་ཆིལ་འཁོར་བའི་ཁམ་པ་སྔོ་རིང
བྲི་བཞིན་པའི་ལྟེ་ཁྲག་གམ་ཁུ་བ་ཕྲ་མོ་ཁྱོད  
ནམ་ཞིག་ཉ་མོའི་ཁྱུ་དང་འགྲོག་སྟེ་ངག་རྒྱུན་དུ་འགྱུར་སྲིད་དམ
འགྱིག་ཤོག་ཉ་མོ་བཞིན་རྒྱུ་བའི་གྲམ་གཞུང་སྟོང་བ་ཞིག་ང་ལ་བསྐྱུར་སྲིད་དམ
འདམ་མྱགས་དུམ་བུ་དུམ་བུར་གས་པའི་མཚོ་ཤུལ་ཞིག་ང་ལ་བསྐྱུར་སྲིད་དམ
                                                                    
                      
                            2007.8.27ཉིན་མང་རྫོང་ནས་ཡི་གེར་ཕབ།