འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།


 སྐར་ཁུང་དྲ་བའི་བཅར་འདྲིའི་ལན་འདེབས།

ཁྱེད་རང་རང་བཙན་བྱོལ་ལ་སླེབས་པ་དེས། ཁྱེད་ཀྱི་སྙན་ངག་གི་སེམས་ཁམས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་དམ།
ལན།
ང་རང་བཙན་བྱོལ་ལ་བསླེབས་པ་དེ་ནི་འཚོ་བ་དངོས་ལ་གདོང་ཐུག་བྱུང་བའི་བརྒྱུད་རིམ་ཞིག་ཡིན། སྙན་ངག་ནི་མ་གཞི་ནས་མིའི་འཚོ་སྡོད་ཀྱི་འཚོ་བ་དངོས་ལས་བྱུང་བའི་ནང་སེམས་ཀྱི་ཚོར་བ་དང་འབྲེལ་བ་ཡོད་པས།  ང་རང་བཙན་བྱོལ་ཏུ་བསླེབས་རྗེས་ཀྱི་འཚོ་བ་ནི་འཐུས་ཚང་རང་བཞིན་གྱི་བརྒྱུད་རིམ་ཞིག་ཡིན་པར་འདོད།  རྒྱུ་མཚན་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་བྱམས་བརྩེ་ལྡན་པའི་ཡུལ་མི་དག་གི་འཛུམ་མདངས་དྲོད་མོ་ལས་རིང་དུ་གྱེས་ཏེ།  རྒྱུས་མེད་ཡུལ་གྱར་དུ་གནས་པའི་འཚོ་བ་ནི་ཁ་དོག་སྣ་ཚོགས་དང་སྐྱོ་སྡུག་འདྲེས་མས་བྲིས་པའི་མི་ཚེའི་ཟློས་སྒྲུང་ལྟ་བུ་ཞིག་ཡིན། ཟློས་སྒྲུང་འདིའི་ནང་དུ་ངའི་མི་ཚེའི་དྲན་སྣང་དང་སྐྱོ་སྣང་།  ཡང་ན་ན་ཟུག་དང་འཁང་སེམས་སོགས་དམར་རྗེན་རྗེན་དུ་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་དེ་ནི་ངས་རང་ཉིད་ཀྱི་སྙན་ངག་གི་སེམས་ཁམས་ངོ་མ་རྙེད་པའི་རིན་ཐང་དང་།  ཡང་ན་རང་ཉིད་སྙན་ངག་ལ་དགའ་བའི་ཕུགས་འདུན་དང་ཐག་ཉེ་རུ་སོང་བའི་ཉམས་མྱོང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།  དངོས་ཡོད་འཚོ་བའི་ཁ་དོག་དངོས་ཀྱི་ནང་ནས་དགའ་དུས་དགོད་མྱོང་ལ། སྡུག་དུས་ངུ་མྱོང་བའི་ངའི་སེམས་ཁམས་ན་སྙན་ངག་གི་བསྡུས་གཟུགས་རེ་རེ་རི་མོ་བཞིན་བྲིས་ཡོད་མོད།  ཡིན་ནའང་དེ་དག་རེ་རེ་བཞིན་ཚད་མཐོ་བའི་སྒྱུ་རྩལ་གྱི་ལམ་ལས་བཞེངས་བསྐྲུན་དང་ལས་སྣོན་གྱི་ལས་འགན་ད་དུང་འགྲུབ་མེད་པའི་གནོང་འགྱོད་ཅིག་ང་ལ་དུས་རྒྱུན་འཁོར་གྱིན་འདུག   དེ་དང་ཞོར་དུ་འཇིགས་སྣང་ཞིག་བྱུང་བ་ནི་ད་ལྟའི་བོད་ཀྱི་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ   ད་དུང་རང་རྐྱ་མ་ཐུབ་པའི་སྤྱི་ཚོགས་འཚོ་གནས་དང་རིག་གཞུང་ཡོད་ཚད་ཉམས་དམས་སུ་འགྲོ་བཞིན་པའི་གནས་སྟངས་འདི་མཐོང་ཐེངས་རེར།  ནམ་ཞིག་བོད་ཀྱི་སྙན་ངག་གི་ཁྲག་རྒྱུན་ཡང་སྐམ་ཨེ་འགྲོ་བསམ་པའི་སྡུག་བསྔལ་ཆེ་གི  དེ་བཞིན་དུ་ལྷད་མེད་པའི་སྙན་ངག་གི་རྣམ་ཤེས་འདི་འགག་ཨེ་འགྲོ་བསམ་ན་ཕངས་སེམས་སྐྱེས་ཀི  ད་དུང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གམ་ཚད་མཐོ་བའི་སྐད་ཆའི་བླ་སྲོག་ཡལ་ཨེ་འགྲོ་འདོད་ན་སྙིང་འཕར་གི
༢ཁྱེད་རང་གི་སྙན་ངག་གི་བརྗོད་བྱ་གཙོ་བོ་བཙན་བྱོལ་གྱི་འཚོ་བ་ཡིན་ནམ། ཡང་ན་གཞན་པ་ཡིན། ལན།
ཨོ་དེ་མཐའ་གཅིག་ཏུ་ངེས་པ་མེད། ཉི་མ་རེ་རེའི་སེམས་ཁམས་དང་ཚོར་བ་འདྲ་མིན་སྣ་ཚོགས་ཡོད་པ་བཞིན། ངའི་སྙན་ངག་གི་བརྗོད་བྱ་ཡང་སྣ་གཅིག་ཏུ་མ་ངེས་པའི་འཚོ་བའི་བསྡུས་གཟུགས་སྣ་མང་ཡིན།     བོད་མི་རིགས་ཀྱི་མི་གཤིས་ཀུན་སྤྱོད་དང་རིག་གཞུང་གི་རིན་ཐང་ལ་བཟུང་བའི་དགའ་འདུན་དང་ཡིད་ཆེས།  རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་དགའ་སྡུག་སྐྱོ་གསུམ། དེ་མིན་རང་བྱུང་ཁམས་ཀྱི་འགྱུར་འགྲོས་དང་རང་རིགས་ལ་བཅངས་པའི་སེམས་ངལ་ལྷག་མ་བཅས་ནི་ངས་ད་བར་དུ་བྲིས་པའི་སྙན་ངག་གི་བརྗོད་བྱ་རྐྱང་རྐྱང་ཡིན། འདིར་བཤད་འདོད་པ་ཞིག་ནི་སྙན་ངག་ཡག་པོ་ཞིག་འཁྱོངས་དགོས་ན་མ་མཐར་ཡང་རང་ཉིད་ཀྱིས་གང་ཞིག་འབྲི་བའི་ཚོར་བ་དེ་མཚོན་ཐུབ་པའི་སྐད་ཆའམ་ཐ་སྙད་ཀྱི་ཐབས་རྩལ་ཁྱད་པར་བ་ཞིག་དང་།  ཕུགས་འདུན་རྒྱང་དུ་བསྲིངས་ཕོད་པའི་སྙིང་སྟོབས་ངོ་མ་ཤིག་ཅིས་ཀྱང་དགོས་ཀི་ཡ།  དེ་ལྟར་མིན་པར་སྙན་ངག་ནི་ཁེ་གྲགས་ཤིག་གི་ཆེད་དམ།ཡང་ན་རང་ཉིད་ཁོ་ནས་ཆེད་དུ་བྲིས་པ་ཡིན་ན་དེའི་རླབས་ཆེན་གྱི་འོས་འགན་འགྲུབ་མི་སྲིད་པར་མ་ཟད། ཐ་ན་སྙན་ངག་གི་རིན་ཐང་ལ་ཁྱད་གསོད་བྱས་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག  ངས་རང་ཉིད་ཀྱིས་ད་བར་དུ་བྲིས་པའི་སྙན་ངག་ཡོད་ཚད་སྙན་ངག་ཡིན་མིན་མི་ཤེས་མོད། ཡིན་ནའང་རང་ཉིད་ཀྱིས་སྙན་ངག་ལ་བཟུང་བའི་དགའ་ཞེན་དང་གདེང་འཇོག་ནི་ནམ་ཡང་གཡོ་ཟོལ་བྲལ་བ་ཞིག་དང་། དུངས་པ་ངོ་མ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་ཡོད།  ཞོར་དུ་བཤད་འདོད་པ་ཞིག་ནི་སྙན་ངག་ནི་སྐད་ཆའི་ཉིང་བསྡུས་ཤིག་ཡིན་པས་མི་རིགས་སུ་ཡིན་ཡང་དེ་ལ་མི་རིགས་དེའི་ཐུན་མོང་མ་ཡིན་པའི་སྐད་ཆའི་མཛེས་པ་དང་བསམ་བློའི་རིན་ཐང་ཞིག་ངེས་པར་ཡོད་དགོས་པར་འདོད།   སྐད་ཆའི་ཉིང་བསྡུས་ཟེར་བ་དེ་ཡང་སྤྱིར་བཏང་གི་སྐད་ཆ་ཆ་ཚང་ཞིག་གི་གོ་དོན་བསྡུས་པ་ཙམ་ལ་ཟེར་བ་མ་ཡིན་པར།  དེའི་བསྡུས་གཟུགས་དང་།  དབྱིབས། ཁ་དོག  ཡང་ན་འགན་ཁུར་དང་དུངས་ཞེན། བསམ་བློའི་མཛེས་པ་སོགས་ཕྱོགས་མང་པོ་གཅིག་ཏུ་བསྡུས་ནས་ཀློག་པ་པོར་གསལ་རྗེན་དུ་སྟོན་ནུས་པ་ཞིག་ལ་གོ་ན་འོས་པར་འདོད།     སྙན་ངག་གི་ཚིག་དུམ་གཅིག་གི་ནང་ནས་ཀྱང་ཆེས་སྤྱིར་བཏང་མ་ཡིན་པའི་དགའ་བ་དང་དུངས་པ། ཡང་ན་འགན་འཁྲི་དང་ན་ཟུགས་སོགས་མང་པོ་ཞིག་འཇགས་སུ་མེད་པའི་དབྱངས་ཀྱི་རམ་འདེགས་ལ་སྡོངས་ནས་ལྷོག་ལྷོག་ཏུ་འཕྱུར་ཞིང་ཚ་ལམ་ལམ་དུ་གདུ་བཞིན་འདུག  འདི་ལས་ཆེས་རླབས་ཆེ་ཤིང་བཅོས་མ་མ་ཡིན་པའི་འཆར་ཡན་གྱི་དུངས་སྣང་ངོ་མ་གཅིག་གམ།  ཡང་ན་བརྩེ་སེམས་རྣལ་མ་ཞིག་ང་ཚོར་ངམ་ངམ་ཤུགས་ཀྱིས་རྟོགས་སུ་འཇུག་ཐུབ། དེ་བས་ངས་བལྟས་ན་སྙན་ངག་ལ་དགའ་མཁན་ཞིག་ཡིན་ན་མ་མཐའ་ཡང་རང་ཉིད་ལ་མངའ་བའི་མི་ཚེའི་རིན་ཐང་གི་ལྟ་སྟངས་ཤིག་དགོས་ནི་བསམ་གི  གནའ་ནས་ད་བར་དུ་རླབས་ཆེ་བའི་སྙན་ངག་པ་དང་བསམ་བློ་བ་ཡོད་ཚད་ཀྱི་གནས་སྟངས་ནི་ཁེར་རྐྱང་དང་སྐྱོ་སྣང་རྐྱང་རྐྱང་ཡིན་པར་འདོད་ཐལ།    འདི་ལྟར་བསམས་ན་སྒྱུ་རྩལ་འཚོལ་སྙེག་ནི་ནམ་ཡང་ཁེར་རྐྱང་ཡིན་ཞེས་པའི་ངེས་ཤེས་དེ་ང་ལ་ཡང་བསྐྱར་འཁོར་བྱུང་།   དེ་འདྲ་ཞིག་མིན་ཚེ་སྒྱུ་རྩལ་སྙན་ངག་གི་ནུས་པའང་གཞན་དང་འདྲ་སོང་བ་མ་རེད་དམ། མིའི་འཚོ་བ་ལ་མཐའ་ཡོད་ཀྱང་རྣམ་དཔྱོད་ལ་མཐའ་མེད་ཀི་འདོད་ཀི གང་ལྟར་ངའི་མི་ཚེ་འདི་ལྟར་སྐྱབས་བཅོལ་དང་སྡུག་ཡུས། ཁེར་རྐྱང་དང་སྟོང་བསམ་ངང་རྫོགས་འགྲོ་བར་ངས་ཚོད་དཔག་བྱེད་ཀྱིན་ཡོད། དེ་ནི་ངས་སྙན་ངག་ལ་བཟུང་བའི་གདེང་འཇོག་དང་ཡིད་ཆེས་ངོ་མ་ཡིན། གཞན་སྙན་ངག་གི་སླད་དུ་ཁེར་རྐྱང་གི་འཚོལ་སྙེག་དང་ཕུགས་འདུན་རྒྱང་དུ་འབུལ་ཐུབ་མཁན་ཞིན་ཡིན་ན། དེ་ནི་ངའི་མི་ཚེ་ནང་གི་དད་པ་དང་ཡིད་ཆེས་བཅོལ་སའི་སྐྱབས་མགོན་ཡིན་སྲིད།
༣སྙན་ངག་གིས་ང་ཚོའི་ཉིན་རེའི་ལྟོ་གོས་ཀྱང་ཁེག་ཐག་བྱེད་དཀའ་བ་ཡིན་རུང་། ཁྱེད་རང་ད་དུང་ཡང་སྙན་ངག་ལ་ཤི་འཐམ་རོ་འཐམ་བྱེད་དོན་ཅི་ཡིན་ནམ།
ལན།   རེད་རེད།  དེ་ནི་ངས་སྙན་ངག་འཚོ་བའི་ཆེད་དུ་མ་བྲིས་པའི་བདེན་དཔང་མ་རེད་དམ། ཨ་ལ་ཀུ་རེ་ཡིན།  དེ་ནི་གཙོ་བོ་དགའ་ཕྱོགས་ཤིག་རེད། མིའི་མོས་པ་ལ་མཐའ་མེད་པས་ང་རང་སྙན་ངག་ལ་དགའ་བ་ཡང་མདོར་ན། ང་རང་ཉིད་ཀྱི་དགའ་ཕྱོགས་འབའ་ཞིག་ལས་མ་འདས། ད་བར་དུ་ལོ་ངོ་ཉི་ཤུ་ལྷག་ལ་དགའ་ཕྱོགས་འདིར་ཤི་འཐམ་རོ་འཐམ་བྱས་ཡོད།  ཡང་གཅིག་བཤད་ན་འཛམ་གླིང་རྩོམ་རིག་གི་གར་སྟེགས་སྟེང་གི་ཆེས་མཐོ་བའི་ཁྲི་འཕང་ནི་སྙན་ངག་གི་ཁྲི་འཕང་ཡིན་ཟེར་བ་ལྟར།   ངས་ནམ་ཡང་སྙན་ངག་གི་བླ་སྲོག་དང་རིན་ཐང་དངོས་ནི་མིའི་ཚེ་སྲོག་གིས་བསྐྱངས་པའི་ནང་སེམས་ཀྱི་བསམ་བློ་ཞིག་ལ་གོ་བཞིན་ཡོད། མི་ཞིག་འཇིག་རྟེན་དུ་འཚོ་བའི་དགའ་ཕྱོགས་ཀྱི་ཆ་ཡིན་ནས་ཡིན་ནའང་འདྲ།  བརྩེ་སེམས་ཀྱི་ཆ་ཡིན་ནའང་འདྲ། དེ་བཞིན་དུ་རིན་ཐང་གི་ཆ་ཡིན་ནའང་འདྲ།         ཡོད་ཚད་གཅིག་མཚུངས་ཡིན་མི་སྲིད ། དཔེར་ན་མི་རེ་རེའི་གཤིས་ཁམས་ཀྱི་ཆ་ནས་བཤད་ནའང་ལ་ལ་རྩེད་མོ་ལ་དགའ་བ་དང་། ལ་ལ་བཟའ་བཏུང་ལ་དགའ་བ།  དེ་བཞིན་ལ་ལ་འཚོ་གནས་ལྷིང་འཇགས་ཅན་ལ་དགའ་བ་དང་།  ལ་ལ་འཚོ་གནས་འུར་ཟིང་ཅན་ལ་དགའ་བ།  འགའ་ཤས་རི་མོ་དང་།  ལག་རྩལ། དེ་བཞིན་དུ་གླུ་གར་སོགས་ལ་མོས་པ་ལྟར་མི་རེའི་དགའ་ཕྱོགས་མཐའ་མེད་པས་ཚང་མ་སྙན་ངག་ལ་དགའ་དགོས་པའི་རྒྱུ་མཚན་ཡང་མི་འདུག  ངས་མཚམས་རེར་སྙན་ངག་ལ་ཀློག་མཁན་སྤུས་དག་དགོས་པ་ལས་མང་པོ་དགོས་དོན་ཡང་མེད་ཀི་བསམ་གི  རྒྱུ་མཚན་སྙན་ངག་ནི་ནམ་ཡང་སྙན་ངག་ཡིན་པ་ལས་འཚོ་ཐབས་མ་རེད།   སྙན་ངག་ནི་མིིའི་རྣམ་དཔྱོད་དང་ནང་སེམས་ཚོར་ཤེས་ཀྱི་རྩལ་ལས་བྱུང་བའི་དགའ་འདུན་དང་དུངས་སེམས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།   ཡང་གཅིག་བཤད་ན་སྙན་ངག་ནི་ཇི་སྲིད་བར་དུ་རོལ་མྱོང་བྱས་ཆོག་པའི་རྟོགས་པ་ཡན་གར་བ་ཞིག་ཡིན་པས།རྒྱ་གར་གྱི་དེང་རབས་ལུགས་ཀྱི་སྙན་ངག་པ་གྲགས་ཆེན(Bach chan)པ་ཆེན་གྱིས’’ཁྱེད་ཀྱིས་ཡང་དག་ཡིན་མིན་ཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་ཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག   རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན། ’’ཞེས་ཡ་ང་བའི་མུན་ནག་གི་བཙོན་ཁང་དང་ཆང་ཁང་དུ་འོད་སྟོང་འཕྲོ་ཞིང་འཛེམ་བག་སྤངས་པའི་ཚེ་སྲོག་གི་གླུ་དབྱངས་ཤིག་དེ་ལྟར་འགོ་བརྕམས་པ་རེད། དེ་བཞིན་དུ་རྒྱ་ནག་གི་ན་གཞོན་སྙན་ངག་པ་ཧི་ཙིའི་མཐོང་སྣང་གི་གྲོ་སྙེ་རེ་རེ་ཡང་གསེར་མདོག་གི་བརྩེ་དུང་ལ་འགྱུར་སོང་བ་རེད།   དེ་བས་རང་དབང་དང་འཆར་ཡན་ལ་ཕྱོགས་པའི་འོད་ཀྱི་ལམ་བུ་འདི་ངས་ནམ་ཡང་ལམ་ནོར་ཞིག་ལ་མཐོང་གི་མེད། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་གནའ་ནས་ད་ལྟའི་བར་སྙན་ངག་ནི་བདེན་པ་དང་བརྩེ་བ་འོད་དུ་བརྒྱུས་པའི་ཚད་མཐོ་བའི་རྩོམ་རིག་སྒྱུ་རྩལ་གྱི་གཟུགས་རིས་ཤིག་རེད་ལ།  དུངས་སྣང་དང་སྒྱུ་རྩལ་གྱིས་ལྟེམས་པའི་གསེར་གྱི་ཁང་བཟང་དེ་ནས་ངའི་བྱིས་དུས་ཀྱི་རྨི་ལམ་དང་རྒས་དུས་ཀྱི་དམིགས་འདུན་ཡོད་ཚད་ཤོང་ཐུབ་པས་ག་གཟོད་ང་ལ་བློ་འགྱོད་གང་ཡང་མེད།
བཅར་འདྲིའི་གོ་སྐབས་གནང་བ་ལ་བཀའ་དྲིན་ཆེ་ཞུ།




ལྗང་རླུང་ཚགས་པར་གྱིས་བདག་ལ་སྙན་ངག་སྐོར་གྱི་བཅར་འདྲི་བྱས་པ།
དྲི་བ། ཐོག་མར་ཁྱེད་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་བརྗོད་རོགས།

ལན། ངའི་མིང་ལ་གཟུངས་ཕྱུག་སྐྱིད་ཟེར་ཞིང༌། ཕ་ཡུལ་མདོ་སྨད་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བ་ཡིན། གཉིས་སྟོང་གཉིས་ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། ད་བར་དུ་སྙན་ངག་གཙོས་རྩོམ་ཡིག་མང་པོ་ཞིག་བོད་གཞིས་བྱེས་གཉིས་ཀྱི་དུས་དེབ་དང་ཚགས་པར་སྟེང་བཀོད་མྱོང༌། བརྩམས་ཆོས་ལ་སྙན་ངག་དེབ<<བྱུ་རུའི་ལས་དབང>>དང<<འཇགས་མི་སྲིད་པའི་བཞུར་རྒྱུན>><<བང་སོ>>ལྷུག་རྩོམ་སྙན་ངག་གཅེས་བསྡུས<<ས་ཆེན་གྱི་སྨྲེ་ངག>>བཅས་ཡོད། དེ་མིན་དམངས་གཞས་སྐོར་གྱི་དཔྱད་རྩོམ་དེབ་གཅིག་ཀྱང་མི་འགྱངས་པར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ངོས་ནས་པར་བསྐྲུན་བྱ་རྩིས་ཡོད།
 དྲི་བ། ཁྱེད་ཀྱིས་སྙན་ངག་ག་དུས་ཤིག་ནས་འབྲི་འགོ་བཙུགས་པ་ཡིན།
ལན། ངས་སྙན་ངག་གི་འབྲི་སྦྱང་འགོ་རྩོམ་དུས་ནི་ལོ་རབས་དགུ་ཅུ་བའི་དུས་འགོ་ཙམ་ཡིན་ལ། དངོས་སུ་དུས་དེབ་སྟེང་བཀོད་དུས་ནི༡༩༩༦ ལོའི་དགུན་ཁ་ཞིག་ཡིན། ཉིན་གཅིག་ངའི་སྙན་ངག་ཚན་པ་ཐུང་ངུ་གཉིས་ཏེ། འཇིག་རྟེནདང་མི་ཚེ  ཞེས་པ་གཉིས<<གངས་རྒྱན་མེ་ཏོག>>སྟེང་བཀོད་ཟིན་པའི་གསལ་བརྡ་འབྱོར་བྱུང་ལ། རྗེས་སུ་སྦྲག་ཁང་བརྒྱུད་ནས་དུས་དེབ་དེ་དངོས་སུ་བདག་གི་ལག་ཏུ་འབྱོར་བྱུང༌། དེ་དུས་ཀྱི་དགའ་སྣང་ནི་ད་ལྟ་ངས་ཀྱང་བཤད་མི་ཤེས་པའི་ཚོར་བ་གཞན་ཞིག་རེད། དེ་ནི་ངས་སྙན་ངག་དུས་དེབ་སྟེང་བཀོད་པ་ཐོག་མ་ཡིན་ལ། སྐབས་དེ་ནས་བཟུང་ངས་བརྗོད་དོན་འདྲ་མིན་གྱི་སྙན་ངག་ཐར་ཐོར་རེ་རྒྱུན་དུ་འབྲི་ཁུལ་བྱས་པ་ཡིན་ཡང། དགའ་འོས་པའི་གྲུབ་འབྲས་ཤིག་ད་དུང་སྟོང་ཆར་ལུས་ཡོད།
དྲི་བ། ང་ཚོའི་སྙན་ངག་གིས་ཕྱི་རོལ་ཡུལ་མཚོན་ན་ཡག་གམ་ཕྱི་རོལ་ཡུལ་གྱིས་ང་ཚོའི་སྙན་ངག་མཚོན་ན་ཡག་གམ།
ལན། འདིར་བརྗོད་པའི་ཕྱི་རོལ་ཡུལ་ཞེས་པ་ནི་རང་བྱུང་ཁམས་དང༌། ཡང་ན་དེ་དང་འབྲེལ་བའི་མིའི་འཚོ་བ་དངོས་ལ་གོ་བ་ཡིན་ན། ང་ཚོའི་སྙན་ངག་གིས་ངེས་པར་དུ་དེ་ཉིད་མཚོན་དགོས་པར་འདོད་དེ། སྙན་ངག་དང་སྒྱུ་རྩལ་བརྩམས་ཆོས་ཡོད་ཚད་ནི་རང་བྱུང་ཁམས་ཀྱི་ལད་ཟློས་སམ་ཡང་ན་དེའི་པར་རིས་ཡིན་པས་སོ།
དྲི་བ། སྙན་ངག་གི་ནུས་པ་ཅི་འདྲ་ཞིག་ཡིན་ནམ།
ལན། ངའི་བསམ་ཚུལ་ཡིན་ན་སྙན་ངག་གི་ནུས་པ་ཟེར་བ་དེ་སྙན་ངག་རང་སྟེང་ན་ཡོད་པའི་ཁྱད་ཆོས་སམ། ཡང་ན་དེ་ལས་བྱུང་བའི་ཀློག་པ་པོར་བཞག་པའི་དམིགས་བསལ་གྱི་མྱང་བྱ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ནམ་རྒྱུན་ང་ཚོ་སུ་ཡིན་ཡང་རང་ཉིད་ཆེས་དགའ་བའི་སྙན་ངག་ཅིག་ཀློག་དུས་སྙན་ངག་དེས་ཀློག་མཁན་ལ་རང་ཤུགས་ཀྱིས་ཚོར་བ་འདྲ་མིན་ཞིག་བསྐྱེད་དུ་འཇུག་པ་དེ་ནི་སྙན་ངག་དེའི་ནུས་པ་ཞིག་ལ་ངོས་བཟུང་ཆོག་པར་འདོད།
དྲི་བ། སྙན་ངག་གི་དབྱངས་འགྲོས་སྐོར་ལ་འགྲེལ་བརྗོད་ཅིག་བྱ་རོགས།
ལན། སྙན་ངག་གི་དབྱངས་འགྲོས་ཞེས་པ་ནི་སྙན་ངག་རེ་རེ་ཡི་གཤིས་སུ་གྲུབ་ཡོད་པར་འདོད་ལ།  དེ་ནི་རྩོམ་མཁན་རེ་རེ་ཡི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་དང༌། ཐ་སྙད་གཙོ་སྦྱང་གི་ནུས་པ་དང་བསྟུན་ནས་བྱུང་གི་ཡོད་པས། སྙན་ངག་གི་བརྩམས་ཆོས་རེ་རེ་ལ་ཐུན་མོང་མ་ཡིན་པའི་དབྱངས་འགྲོས་རེ་རེ་ཡོད་པས། སྒྱུ་རྩལ་སྙན་ངག་གི་དབྱངས་འགྲོས་མཐའ་དག་ལའང་མཐའ་གཅིག་ཏུ་གཞུང་ལུགས་ལྟ་བུའི་ཚད་བཟུང་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད།
 དྲི་བ། སྙན་ངག་གི་སྐད་ཆའི་སྒྱུ་རྩལ་དང་སྐད་ཆའི་སྒྱུ་རྩལ་གཉིས་ཀྱི་ཁྱད་པར་གཙོ་བོ་ཅི།
ལན། སྤྱིར་བཏང་གིས་བཤད་ན། སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ལ་ཚང་མས་ངོས་འཛིན་བྱེད་པ་ལྟར། ངས་ནམ་རྒྱུན་ཚད་མཐོ་བའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་ན་དེ་ནི་སྙན་ངག་གི་སྐད་ཆའི་སྒྱུ་རྩལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་ལས། དེ་གཉིས་ལ་བལྟས་ས་ལྟོས་འཇོག་གི་ཁྱད་པར་ཞིག་ཡོད་པ་གསལ་བོ་ཞིག་ཤེས་མ་སོང༌།
དྲི་བ། ཁྱེད་ཀྱིས་ད་བར་དུ་སྙན་ངག་བྲིས་པའི་ཁྲོད་ནས་ཁྱེད་ལ་དམིགས་གསལ་གྱི་དགའ་འོས་པའི་དོན་དག་ཅི་ཞིག་ཐོབ་མྱོང༌།
ལན། ང་ལ་དམིགས་གསལ་གྱི་དགའ་འོས་པའི་དོན་དག་ཅི་ཡང་ཐོབ་མ་སོང༌། རྒྱུ་མཚན་ནི་ང་ལ་མཚོན་ན། སྙན་ངག་འབྲི་བ་ནི་ནམ་ཡང་འདོར་ཐབས་དཀའ་བའི་དགའ་ཕྱོགས་ཀྱི་བརྩེ་དུང་ཞིག་གི་བསླུ་བྲིད་དང༌། རྫོགས་མཐའ་བྲལ་བའི་འཚོལ་སྙེག་གི་མདུན་བསྐྱོད་ཅིག་ལས་མ་འདས་པས། མཚམས་རེར། ང་རང་ཉིད་ཀྱིས་བསམ་གཟས་ནས་བླངས་པའི་སྡུག་བསྔལ་གྱི་ཚོར་བ་འདིར་སྡང་སེམས་ཀྱང་སྐྱེས་མྱོང༌། ཡིན་ནའང༌། དེ་ནི་གནམ་གྱིས་ང་ལ་ཆེད་དུ་བསྐོས་པའི་རྡོག་ཁྲེས་ལྕི་མོ་ཞིག་དང་འདྲ་བར། ངའི་ལུས་ངག་ཡིད་གསུམ་གྱི་རྩོལ་བ་གང་ཞིག་དང་ཁ་བྲལ་ཐབས་མེད་པའི་གནས་ལུགས་ཀྱང་ཤེས། དེ་བས་ཧམ་སེམས་དང་བརྩེ་དུང་གང་ཡིན་ཆ་མ་འཚལ་བའི་ཚོར་བ་འདི་འདྲ་ཞིག་གིས། ང་ལ་ཐེག་དཀའ་བའི་འོས་འགན་གྱི་གནོན་ཤུགས་སམ། ཡང་ན་འདོར་དཀའ་བའི་བརྩེ་དུང་གི་སྡུག་བསྔལ་རབ་དང་རིམ་པར་ཐེབས་སུ་བཅུགས་པས། ངའི་ཚོར་ཤེས་ཀྱི་དབང་རྩ་ཡོད་ཚད་དེ་ཉིད་ཀྱིས་བདག་ཏུ་བཟུང་པས། ་ཟག་བཅས་ཀྱི་ལུས་ཕུང་འདི་ཡང་དེ་ལྟར་བྱེ་རྡུལ་བཞིན་བརྡར་བཞིན་ཡོད། དེ་ནི་ངས་ད་བར་དུ་སྙན་ངག་བྲིས་པའི་གྲུབ་འབྲས་དང་ཉམས་མྱོང་ཁོ་ན་ཞིག་ལ་ངོས་བཟུང་ཆོག་པར་འདོད།
དྲི་བ། སྙན་ངག་གིས་བརྗོད་ན་ཡག་གམ་མཚོན་ན་ཡག།
དེ་ནི་མཐའ་གཅིག་ཏུ་མ་ངེས་ཏེ། འགའ་ཞིག་གིས་ཚད་མཐོ་བའི་བརྗོད་ཐབས་ཀྱི་ལམ་ནས་ཀློག་མཁན་དག་གི་ཡིད་ཀྱི་དང་བ་འདྲེན་སྲིད་ལ། ཡང་ལ་ལ་ཞིག་གིས་ཁྱད་དུ་འཕགས་པའི་མཚོན་ཐབས་ལ་བསྟེན་ནས་ཕ་རོལ་བའི་སེམས་པར་འགུལ་ཤུགས་སྟེར་སྲིད་པས། རྣམ་པ་གཅིག་ཏུ་མ་ངེས་པའི་སྙན་ངག་དག་གི་ཚོར་སྣང་དང༌།        རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་སྙན་ངག་བརྩམས་ཆོས་རེ་རེ་ལ། ང་ཚོས་མཐའ་གཅིག་ཏུ་བླང་དོར་དང་སྒེར་གཅོད་ཀྱི་ཚད་བཟུང་བྱས་ན་མི་འགྲིག་པར་བསམས། རྒྱུ་མཚན་ནི་ངས་སྙན་ངག་པ་དག་གི་ཚོར་ཤེས་ཀྱི་རྟོགས་པ་དང༌། ཐ་སྙད་འདུལ་སྦྱོང་གི་ནུས་པ་བེད་སྤྱོད་བྱེད་སྟངས་ནི། ནམ་ཡང་མཐའ་མེད་པ་ཞིག་ཏུ་ངོས་འཛིན་གྱིན་ཡོད།
དྲི་བ། དེང་རབས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་གཉིས་ཀྱི་ཁྱད་པར་གཙོ་བོ་གང་ཡིན།
ལན། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་འཕེལ་རིམ་མི་འདྲ་བའི་དུས་རབས་གཉིས་ཀྱི་བར་ཁྱད་དང༌། དེ་ལས་བྱུང་བའི་ནུས་པ་དང་ཁྱད་ཆོས་མི་འདྲ་བའི་སྤྱི་ཚོགས་འཚོ་བ་གཉིས་ཀྱི་རིན་ཐང་ལ་ངོས་འཛིན་སྟངས་ཀྱི་ཁྱད་པར་ཡིན། དེ་གཉིས་ཀྱི་གང་ཡིན་ཡང་ནང་གི་བརྗོད་བྱའི་སྲོག་དབང་དང༌། ཕྱི་ཚུལ་ཏེ་རྩོམ་ལུས་གཉིས་ཀྱི་ཁྱད་པར་ཙམ་ལས།  གཙོ་བོ་མིའི་འཚོ་གནས་ལ་བཟུང་བའི་མཐར་གཏུགས་ཀྱི་སེམས་ཁུར་དང་འགན་འཁྲི་ནི་གཅིག་མཚུངས་སུ་སྣང༌། ཡིན་ནའང་དུས་སྐབས་རེ་རེའི་འཚོ་བའི་འདུ་ཤེས་ལས་རྙེད་པའི་འགན་ལེན་དང་འཚོལ་སྙེག་གི་དམིགས་ཡུལ་ནམ་ཡང་གཅིག་འདྲ་ཡིན་པའི་ངེས་པ་མེད།དེ་ནི་རྩོམ་རིག་འཕེལ་བའི་ལོ་རྒྱུས་ཀྱི་ངོས་ནས་ཐག་བཅད་པ་ཞིག་ལ་ངོས་བཟུང་ན་འགྲིག་པར་འདོད།
དྲི་བ། རྒྱ་ནག་གི་སྙན་ངག་པ་ག་གེ་མོས་སྙན་ངག་ནི་མ་ཡིས་བུ་བཙས་པ་ལྟ་བུའི་སྡུག་བསྔལ་ཞིག་ལ་ ངོས་འཛིན་བྱེད་པར་རང་ཉིད་ཀྱི་ལྟ་ཚུལ་ཙམ་བརྗོད་རོགས།
 ལན།      རེད། སྤྱིར་སྙན་ངག་གིས་མཛེས་པ་དམིགས་ཡུལ་དུ་འཛིན་དགོས་པས། ངའི་བསམ་ཚུལ་ཡིན་ན་སྙན་ངག་པ་ཞིག་གི་འཚོལ་སྙེག་ནི་སུས་ཀྱང་རྟོགས་དཀའ་བའི་བདེན་པ་ཞིག་བཙལ་རྒྱུ་དེ་ཡིན། རླབས་ཆེ་བའི་འཚོལ་སྙེག་དེར་དུངས་པའི་གོ་རིམ་ཁྲོད། ཁེར་རྐྱང་གི་སྡུག་བསྔལ་དང༌། ཡིད་ཆད་ཀྱི་གདུང་པ། ཡང་ན་གང་ཞིག་ལ་མི་བཟོད་པ་ལྟ་བུའི་མནར་གཅོད་ཀྱི་ཚོར་བ་སོགས་མང་དུ་མྱང་དགོས་པ་ནི་དོན་དངོས་རེད། དེ་ནི་ཁོའི་བསམ་བློར་ཚད་མཐོ་བའི་བརྩེ་དུང་སྦྲུམ་ཐུབ་པས་རྐྱེན་རེད། ཆགས་སྡང་དེ་ལྟ་བུའི་ཚོར་བ་ཞིག་ལས་སྙན་ངག་པ་དགད་ཆོག་ལ་ངུས་ཀྱང་རུང༌། ཡོད་ཚད་བརྩེ་དུང་ཁོ་ནས་སྤྲད་པའི་ན་ཟུག་ཅིག་ཅི་ལ་མིན། དེ་བས་ད་གཟོད་གོང་གི་མ་ཡིས་བུ་བཙས་པ་ལྟ་བུའི་སྡུག་བསྔལ་དང༌། ཡང་ན་དེ་ལས་ལྡོག་པའི་མ་ཡུམ་གྱི་དུངས་སྣང་ལྟ་བུའི་སྤྲོ་བ་གཞན་ཞིག་ཀྱང་རྙེད་སྲིད།
དྲི་བ། ང་ཚོའི་སྤྱི་ཚོགས་སྟེང་བརྗོད་འདོད་པའི་སྐད་ཆ་དགའ་བཤད་ན།
ལན། འདིར་བཅར་འདྲིའི་གོ་སྐབས་འདི་དང་ལྷན་དུུ་སྤྱི་ཚོགས་ཁྲོད་ཚིག་གཅིག་གླེང་འདོད་བྱུང་བ་ནི། སྤྱི་ཚོགས་སྟེང་གི་མི་སུ་འདྲ་ཞིག་ཡིན་ཡང་རང་རང་ལ་མངའ་བའི་ནུས་པ་དང་དགའ་ཕྱོགས་མཐའ་མེད་པ་བཞིན། ང་ཚོས་མི་རེ་རེ་ལ་མངའ་བའི་ནུས་པ་དང་འཇོན་ཐང་ལ་མཐའ་གཅིག་ཏུ་སྣང་ཆུང་མི་བྱེད་པ་དེ་ཡིན། དེ་མིན་མི་རང་རང་གི་ངོས་ནས་ཀྱང་སོ་སོར་མངའ་བའི་ནུས་པ་དེ་འཐུས་ཤོར་དུ་མི་གཏོང་བར་བེད་གཏོང་བ་ནི་ཧ་ཅང་གིས་གལ་ཆེ་བ་ཞིག་རེད་བསམ་གྱིན་ཡོད།མཐར་ལྗང་རླུང་དུས་དེབ་ཀྱི་ཚེ་སྲོག་ལ་ཉམས་པ་མེད་པའི་བཀྲ་ཤིས་སྨོན་འདུན་ཞུ། ཁ་དྲོ། བཀྲ་ཤིས།



སྙན་ངག་ཟེར་བ་ནི་རང་གཞན་གཉིས་ཀྱི་སྡུག་བསྔལ་གྱི་ཆེད་དུ་ངུ་ཕོད་མཁན་ཞིག་དང་།ཡང་ན་རང་གཞན་གཉིས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་དགོད་ཕོད་མཁན་ཅིག་ཡིན་འོས།

(གོད་པ་པུར་བོད་ཕྲུག་ཁྱིམ་སྡེ་ནས་བཏོན་པའི<<ཆུ་ཐིག>>ཚགས་པར་གྱིས་བདག་ལ་བཅར་འདྲི་བྱས་པ།
དྲི་བ། ཁྱེད་ཉིད་བོད་ཕྱི་ནང་གཉིས་སུ་གྲགས་པའི་སྙན་ངག་པ་ཞིག་ཡིན་པས།ཁྱེད་ཀྱིས་བལྟས་ན་སྙན་ངག་པ་ཞིག་གིས་ད་ལྟའི་ཉག་ཕྲ་བའི་བོད་ཀྱི་གནས་སྟངས་ལ་ཞབས་འདེགས་ཅི་ལྟར་བསྒྲུབ་དགོས་དགོངས་ཡོད་དམ།
ལན།ངས་ནམ་ཡང་སྙན་ངག་པ་ཟེར་བ་ནི་རང་དབང་གི་བསམ་བློར་འཚོལ་སྙེག་བྱེད་པའམ་།ཡང་ན་མིའི་རིགས་ཀྱི་བདེ་སྡུག་སྤྱི་ལ་དོ་ཁུར་ཆེན་པོའི་སྒོ་ནས་གཞན་གྱིས་བརྗོད་མི་ཐུབ་པའི་སྐད་ཆ་དང་གཞན་གྱི་རྙེད་དཀའ་བའི་ཚོར་བ་དག་སྙན་ངག་གི་ལམ་ནས་ཀློག་མཁན་དག་ལ་གསལ་རྗེན་དུ་བརྗོད་ཐུབ་མཁན་ཞིག་ལ་གོ་བཞིན་ཡོད་པས།ད་ལྟའི་བོད་ཀྱི་སྙན་ངག་པ་དག་གིས་ཀྱང་ང་ཚོའི་ཉག་ཕྲ་བའི་གནས་སྟངས་དང་བདེ་སྡུག་ཡོད་ཚད་སྙན་ངག་གི་དར་སྐུད་ལ་བརྒྱུས་ནས་གཞན་དག་ལ་གསལ་སྟོན་བྱེད་རྒྱུ་ནི་མ་མཐར་ཡང་དུས་རབས་གསར་བའི་བོད་ཀྱི་སྙན་ངག་གིས་བསྒྲུབ་འོས་པའི་སྤྱི་ཚོགས་ཀྱི་ཞབས་འདེགས་ཤིག་ཏུ་མཐོང་བཞིན་ཡོད་ལ།དེ་བཞིན་དུ་རང་གཞན་གཉིས་ཀྱི་སྡུག་བསྔལ་གྱི་ཆེད་དུ་ངུ་ཕོད་མཁན་ཞིག་དང་།རང་གཞན་གཉིས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་དགོད་ཕོད་མཁན་གྱི་སྙན་ངག་པ་ཞིག་ཡིན་ཚེ།དེ་ཉིད་བོད་ཀྱི་སྤྱི་ཚོགས་དང་ལོ་རྒྱུས་ལ་ཞབས་འདེགས་ཞུ་མཁན་ཞིག་ལ་ང་ཚོས་ངོས་འཛིན་བྱས་ཆོག་པར་འདོད།
དྲི་བ།  བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་རྩོམ་པ་པོ་ཧ་ཅང་ཉུང་བ་འདི་རྒྱུ་རྐྱེན་གང་ལ་ཐུག་འདུག་དགོངས་སམ།
ལན།  རེད་རེད།བཙན་བྱོལ་སྤྱི་ཚོགས་ནང་རྩོམ་པ་པོ་ཧ་ཅང་ཉུང་ཉུང་ཡིན་པ་འདི་ནི་གནད་དོན་ཆེན་པོ་ཞིག་རེད།མིག་སྔའི་གནས་ཚུལ་ལ་བལྟས་པ་ཡིན་ན་བཙན་བྱོལ་སྤྱི་ཚོགས་ཁྲོད་བུད་མེད་ཙམ་དུ་མ་ཟད།སྐྱེས་པ་རྩོམ་པ་པོ་ཡང་མང་པོ་ཞིག་ཡོད་པ་མ་རེད།ཕལ་ཆེར་མཛུབ་མོ་བཙུགས་ནས་བརྩི་ཐུབ་ཚོད་རེད།དེ་ནི་ང་ཚོ་བཙན་བྱོལ་དུ་ཡོང་བའི་མི་ལོ་ལྔ་བཅུའི་དུས་ཡུན་ལ་ཕྱིར་བལྟས་བྱས་ཏེ་བཤད་ན་ཧ་ཅང་གིས་ཐབས་སྐྱོ་བོ་ཞིག་ཏུ་མཐོང་སོང་།  ངས་བལྟས་ན་གནད་དོན་འདི་གཙོ་བོ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆབ་སྲིད་རྐྱང་རྐྱང་གི་དྲིལ་བསྒྲགས་ཙམ་ལས་རིག་གནས་ཀྱི་མ་ལག་བརྟན་པོ་ཞིག་ཆགས་མ་ཐུབ་པས་རེད་སྙམ་ལ།དེའི་རྒྱུ་རྐྱེན་གཙོ་བོ་ཡང་གཞུང་མང་གཉིས་ལ་མངའ་བའི་ཆད་ལྷག་ཚབས་ཆེན་ཞིག་ཏུ་མཐོང་སོང་།གཞུང་ངོས་ནས་ཀྱང་རྩོམ་རིག་གི་རྩ་བའི་རིན་ཐང་ལ་མཐོང་ཆེན་མ་བྱས་པས།ང་ཚོར་ད་ལྟའི་བར་གཞུང་ངོས་ནས་བཏོན་པའི་རྩོམ་རིག་རྐྱང་རྐྱང་གི་དུས་དེབ་དང་ཚགས་པར་སྤུས་དག་ཞིག་སྟོན་རྒྱུ་ཡོད་པ་མ་རེད།འདི་ལྟར་གསར་སྐྱེས་རྩོམ་པ་པོ་སྐྱེད་སྲིང་བྱེད་སའི་དུས་དེབ་དང་ཚགས་པར་ཙམ་ཡང་མེད་སོང་ན།   ང་ཚོའི་སྤྱི་ཚོགས་ཁྲོད་རྩོམ་པ་པོ་ཟེར་བ་ཞིག་ཅི་ལྟར་འབྱུང་ཐུབ་བམ།   དེ་མིན་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མི་མང་པོ་ཞིག་ལ་མཚོན་ནས་བཤད་ནའང་ཆབ་སྲིད་ཀྱི་ཁ་གཡང་ཙམ་བརྗོད་ཐུབ་མཁན་ཙམ་ལས་རྩོམ་རིག་ཟེར་བ་ཕར་ཞོག་ཐ་ན་རིག་གཞུང་གི་རིན་ཐང་ཙམ་ཡང་ངོས་ཟིན་གྱིན་མེད་པ་མང་པོ་འདུགདེ་བཞིན་དུ་བཙན་བྱོལ་ཁྲོད་ཀྱི་རྩོམ་རིག་གཞན་ལ་དྲིལ་བསྒྲགས་དང་ཡིག་སྒྱུར་བྱེད་ཐུབ་ཀྱིན་མེད་པས།བཙན་བྱོལ་སྤྱི་ཚོགས་ནང་གི་རྩོམ་རིག་གི་མཁའ་དབུགས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་རུལ་བཞིན་འདུག་པ་ལས།རྩོམ་རིག་གི་རིན་ཐང་ལ་བརྩི་འཇོག་བྱེད་པའི་ཕྱིའི་སྤྱི་ཚོགས་སུ་འགྲེམས་སྤེལ་བྱེད་མ་ཐུབ་པ་དེས་ཀྱང་བཙན་བྱོལ་ཁྲོད་ཀྱི་རྩོམ་པ་པོ་དག་ལ་མི་རིགས་གཞན་གྱི་རྩོམ་པ་པོ་དང་མི་འདྲ་བའི་དཔལ་འབྱོར་གྱི་གྱོང་གུད་དང་དཀའ་ངལ་འཕར་མ་ཞིག་འཕྲད་དུ་བཅུག་ཡོད་པ་མ་ཟད།  ཐ་ན་མི་རིགས་གཞན་གྱི་རྩོམ་པ་པོ་དག་གིས་ལེན་བཞིན་པའི་རྩོམ་ཡོན་ཙམ་ཡང་བཙན་བྱོལ་རྩོམ་པ་པོ་དག་ལ་ཐོབ་ཀྱིན་ཡོད་པ་མ་རེད།ཚང་མས་སོམས་དང་འདི་འདྲའི་ཁོག་ཡུག་ཅིག་ཏུ་རྩོམ་པ་པོ་མང་པོ་སྐྱེད་སྲིང་བྱེད་རྒྱུ་ནི་ཧ་ཅང་གིས་ཁག་པོ་ཞིག་ཏུ་ཆགས་ཡོད།
དྲི་བ།   བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་གི་ཚེ་སྲོག་ཆད་ལ་ཉེ་བའི་སྐབས་འདིར་སྲུང་སྐྱོབ་དང་ཡར་རྒྱས་ཅི་ལྟར་བྱེད་དགོས་དགོངས་ཡོད་དམ། 
ལན།   དྲི་བ་འདི་ཧ་ཅང་གིས་ཡག་པོ་ཞིག་རེད།ངའི་བསམ་ཚུལ་ཡིན་ན་གཞུང་ངོས་ནས་སྒྲིག་འཛུགས་རང་བཞིན་གྱི་སྒོ་ནས་བོད་ཡིག་གི་ནུས་པ་ཁྱབ་བརྡལ་དུ་གཏོང་བའི་ལག་ལེན་དངོས་སུ་རྒྱུན་འཁྱོངས་ཐུབ་པ་ཡིན་ན།ད་ལྟའི་ཉེན་ཁར་གནས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཡར་རྒྱས་སུ་གཏོང་བར་གྲུབ་འབྲས་ཤིག་འབྱུང་ཐུབ་པར་འདོད།
དྲི་བ།  བཙན་བྱོལ་སྤྱི་ཚོགས་ནང་གི་སློབ་ཕྲུག་རྣམས་ལ་འབོད་སྐུལ་བྱ་རྒྱུ་གང་ཡོད་གསུང་རོགས་གནང་།
ལན།   ངས་འདིར་སློབ་ཕྲུག་ཚོར་འབོད་སྐུལ་ཞིག་ཞུ་འདོད་པ་ནི་ཁྱེད་ཚོ་མ་འོང་གངས་ལྗོངས་ཀྱི་རེ་བ་བཅོལ་ས་དང་བདག་པོ་དངོས་ཡིན་པས།ཐོག་མར་བོད་རང་གི་སྐད་དང་ཡི་གེ་ལ་རང་རྐྱ་ཐུབ་པའི་རྨང་གཞི་བརྟན་པོ་ཞིག་བསྐྲུན་རྒྱུ་ནི་ཚང་མའི་ཕྲག་ཏུ་བབ་པའི་འོས་འགན་གལ་ཆེན་དུ་འཛིན་དགོས་པ་ཞིག་རེད།དེ་བཞིན་དུ་གཞན་གྱི་རིག་གནས་གྱི་མ་རྐང་ཡག་པོ་དག་ལའང་སྦྱོང་བརྩོན་བྱས་ཏེ་མ་འོངས་པར་གཞན་གྱི་རིག་གནས་ཀྱི་ལེགས་པའི་ཆ་དག་ནང་འདྲེན་བྱེད་རྒྱུ་ནི་དེང་དུས་ཀྱི་ང་ཚོར་དགོས་མཁོ་ཆེ་བའི་ཁ་སྐོང་ཞིག་ཏུ་མཐོང་བས་ཚང་མས་འབད་འབུངས་བྱེད་རོགས། 

<<མཐོ་སྒང་གི་ཉི་ཟེར>>དུས་དེབ་ཀྱི་གླེང་སྟེགས་སུ་ཕྲན་ལ་བཅར་འདྲི་བྱས་པ་ཞིག

༡ཁྱེད་རང་བོད་ནང་དུ་སློབ་གྲྭ་སོགས་འགྲིམ་མྱོང་མེད་པར་རང་སྦྱོང་གི་ལམ་ནས་རྩོམ་པ་པོ་ཞིག་ཆགས་པ་རེད་ཟེར་བ་བདེན་ནམ། བདེན་ན་ཁྱེད་རང་ཇི་ལྟར་བྱས་ནས་བོད་ཀྱི་རིག་གཞུང་ལ་དགའ་སྣང་སྐྱེས་པ་དང་དེའི་བརྒྱུད་རིམ་ཞིག་གསུངས་རོགས་གནང༌།
ལན། ང་རང་སློབ་འབྲིང་ཙམ་ལ་འགྲིམས་མྱོང་བ་ལས་དམིགས་བསལ་སློབ་ཆེན་སོགས་གང་དུ་ཡང་འགྲིམས་མྱོང་མེད། ལྷག་པར་དུ་མི་མང་པོ་ཞིག་གིས་སྙན་ངག་འབྲི་སྐབས་ཀྱི་གོམ་པ་དང་པོ་སྟེ། སྙན་ངག་མེ་ལོང་མར་དཔེར་བརྗོད་ཆ་ཚང་འཇོག་དགོས་པའི་བརྒྱུད་རིམ་དེ་ཡང་བརྒྱུད་ཡོད་ནི་མ་རེད། འོ་ན་ཇི་ལྟར་བྱས་ནས་སྙན་ངག་ལ་དགའ་བ་ཡིན་ནམ་ཞེ་ན། དེ་ནི་ངས་ནམ་རྒྱུན་རང་ཉིད་ཆུང་དུས་གཉམ་དུ་ནར་སོན་པའི་ཁྱིམ་མི་དང་ཁོར་ཡུག་གིས་བཞག་པའི་བག་ཆགས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཚང་མས་ཤེས་གསལ་ལྟར་མུ་མཐའ་མེད་པའི་ཕ་ཡུལ་གྱི་རྩྭ་ཐང་དང༌། དྭངས་གཙང་གི་ནམ་མཁའ། འབྱོར་ཕྱུག་གི་རི་ཆུ། དེ་དག་གི་པང་བ་ན་བག་ཕེབས་སུ་འཚོ་བའི་བོད་མི་དག་ནི་དེང་སྐབས་ཀུན་གྱིས་སྙན་ངག་དང་སྒྱུ་རྩལ་གྱི་འབྱུང་ཁུངས་ཤིག་ལ་འབོད་བཞིན་པ་ལྟར། ངའི་སྤྲོ་སྣང་དང་འཆར་ཡན་གྱིས་ཕྱུག་པའི་བྱིས་དུས་ཀྱང་གནས་དེ་ནས་འགོ་བརྩམས་པ་ཡིན། ང་རང་ནར་སོན་སའི་འབྲོག་ཁྱིམ་དཀྱུས་མ་དེར་ནང་མི་ལྔ་ཡོད་ལ། ཁོ་ཚོའི་གྲས་ནས་ཨ་དགའ་དང་ཇོ་ཇོ་གཉིས་མ་གཏོགས་ཚང་མ་ཡིག་རྨོངས་པ་ཡིན། ཡིན་ནའང་ཁོ་ཚོ་ཚང་མར་དམངས་ཁྲོད་རྩོམ་རིག་གི་དགའ་ཕྱོགས་ཁྱད་པར་བ་རེ་ཡོད། དཔེར་ན་ངའི་ཨ་མྱེ་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཉན་རྒྱུར་དགའ་ཞིང༌། ཁོས་རྒྱུན་དུ་ཁྱིམ་ཁ་གཡས་གཡོན་ནས་སྐད་ངག་བདེ་བའི་སྒྲུང་པ་དག་ངེད་ཚང་དུ་བོས་ཡོང་སྟེ། ཉིན་དང་མཚན་མཐུད་ནས་སྒྲུང་བཤད་དུ་འཇུག་སྲོལ་ཡོད་ལ། མཚམས་རེར་ངས་ཀྱང་ཁོ་ཚོ་དང་མཉམ་དུ་གླིང་སྒྲུང་ལ་ཉན་ནས་དུས་ཚོད་ངེས་ཅན་རེ་བསྐྱལ་ཐུབ་ཅེས་རྗེས་སུ་ཁོ་ཚོས་གླེང་གིན་འདུག དེ་ལྟར་ངས་ཧོར་གླིང་གཡུལ་འགྱེད་སྟོད་སྨད་གཉིས་ཀྱིས་གཙོས་སྒྲུང་དཔེ་འགའི་ནང་དོན་སྤྱི་ཁོག་ཙམ་དང༌། མི་སྣ་རེ་ཟུང་གིས་བར་བླངས་པའི་སྒྲུང་གླུ་མང་པོ་ཞིག་རང་གིས་བློ་ངོས་ནས་གཞན་ལ་བཤད་ཐུབ་པ་ཙམ་བྱུང༌།
          དེ་ལས་ཀྱང་བརྗེད་དཀའ་བ་ཞིག་ནི་ངའི་ཨ་མས་དུས་རྒྱུན་འགྲོ་ཞོར་འདུག་ཞོར་དུ་བསླབ་པའི་ལ་གཞས་དང་གནའ་གཏམ། དམངས་ཁྲོད་ངག་རྩོམ་རིང་མོ་ཉི་མ་ཚེ་རིང་ལྟ་བུ་དག་ནི་རྗེས་སུ་བལྟ་དུས་ངས་སྙན་ངག་འབྲི་བའི་སྐད་ཆའི་རྨང་རྡོ་ལྟ་བུར་གྱུར་འདུག  ད་དུང་མོས་ང་ལ་བཞག་མྱོང་བའི་བག་ཆགས་གཞན་ཞིག་ནི་སྐབས་དེའི་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་རྒྱང་བསྲིངས་བྱེད་བཞིན་པའི་ལས་ཚན་དག་ཡིན། དཔེར་ན། རོང་འབྲོག་དགའ་བའི་སྐྱེད་ཚལ། བར་སྣང་འཕྲིན་གྱི་ཕོ་ཉ། རྩོམ་རིག་སྒྱུ་རྩལ། སྐྱེས་མའི་ཁེར་ལེན། རྒྱལ་སྤྱིའི་གསར་འགྱུར་མདོར་བསྡུས་སོགས་མདོར་ན་ལས་ཚན་དེ་རེ་རེའི་བསྟན་དོན་དང་དེ་དག་ནམ་གཏོང་གི་དུས་ཚོད་སོགས་མ་ནོར་བར་མོས་ངེད་ཚང་གི་ཁྱིམ་མི་གང་བོར་ངོ་སྤྲོད་བྱེད་ཀྱིན་ཡོད། དེ་ལས་ངའི་ཆུང་དྲགས་པའི་བྱིས་དུས་ཀྱི་འཇིག་རྟེན་རྒྱ་བསྐྱེད་ཅིང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་དང་དགའ་སྣང་འཁྲུངས་སུ་བཅུག དེའི་རྗེས་སུ་ངས་ཇོ་ཇོའི་གམ་ནས་བོད་ཡིག་གི་འབྲི་ཀློག་ཐོག་མར་བསླབ་རྗེས་གཞི་ནས་བོད་ཀྱི་གླུ་དཔེ་དང༌། སྒྲུང་དཔེ། མི་རོ་རྩེ་སྒྲུང༌། དམངས་ཁྲོད་ངག་རྩོམ་གྱི་རིགས། དེ་མིན་ད་དུང་ལྷ་མོའི་ཟློས་གར་བརྒྱད་སོགས་ལ་ལྟ་ཀློག་ཡང་ཡང་བྱས་ཤིང༌། དེ་དག་ལས་མང་ཤོས་ཤིག་བློ་ངོས་ནས་གཞན་བཤད་ཐུབ་པར་གྱུར་ཅིང༌། རང་དང་བློ་ཁ་འཚམས་པའི་རྒན་རྒོན་འགའ་ཤས་དང་བྱིས་པ་མང་པོ་ཞིག་དམངས་རྩོམ་དེ་དག་གི་འགུགས་ཤུགས་ཀྱིས་ངུ་རུ་བཅུག་མྱོང་ལ། མཚམས་རེར་རང་ཉིད་གཅིག་པུ་ཁ་སྦུབ་ཏུ་ཉལ་ནས་དེ་དག་ཞིབ་ཀློག་བྱས་རྐྱེན་རྐང་ལག་སྦྲིད་ནས་ན་ཟུག་བྱུང་བའང་རྫོགས་མེད། ༡༩༨༩ལོའི་སྟོན་ཀར་སློབ་ཆུང་མ་བཏོན་པར་ཐད་ཀར་མང་ར་རྫོང་མི་རིགས་སློབ་འབྲིང་དུ་སོང་དེ། དེ་རུ་ལོ་གཅིག་ལ་ཟུར་ཞུགས་བྱས་རྗེས་གཞི་ནས་སློབ་མ་དངོས་སུ་བླངས་སོང༌། དེ་ཀར་ལྷག་བསམ་དང་མཛའ་བརྩེ་ཟབ་པའི་དགེ་སློབ་མང་པོ་ཞིག་གི་རོགས་འདེགས་ལ་བརྟེན་ནས་བོད་ཡིག་གི་རྨང་གཞིའི་དག་ཆ་དང་ཕྲད་རྣམ་དབྱེ་སོགས་ལ་སྦྱོང་བའི་གོ་སྐབས་ཐོབ། ལྷག་པར་དུ་སྐབས་དེའི་བོད་ཡིག་དགེ་རྒན་ཞི་མོ་ཐརམིང་གཞན་ལ་སྙིང་མིགགྱི་འཆད་ཁྲིད་དང༌། ཁོང་ཉིད་རྩོམ་ཡིག་འབྲི་ཀློག་ལ་དགའ་བའི་ཤུགས་རྐྱེན་གྱིས་ང་རང་སྙན་ངག་འབྲི་བར་སྤྲོ་བ་བྱུང། རྒྱུན་ཏུ་ཁོས་བོད་ཁུལ་འདྲ་མིན་ནས་པར་སྐྲུན་བྱས་པའི་དུས་དེབ<<ཟླ་ཟེར>> <<སྦྲང་ཆར>> <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>><<མང་ཚོགས་སྒྱུ་རྩལ>>སོགས་མང་པོ་ཞིག་ང་ཚོའི་འཛིན་གྲྭའི་ནང་ཁྱེར་ཡོང་ནས་སློབ་མ་ཚོར་ལྟ་ཀློག་བྱེད་དུ་བཅུག་པ་མ་ཟད། ཁོས་བྲིས་པའི་སྣུམ་པར་སྙན་དེབ་<<སྦས་སྐུང་གི་ལོ་ཟླ>>ཞེས་པ་དེ་ཁོ་འགྲོ་དུས་ང་ཚོའི་འཛིན་གྲྭར་ལྟ་ཀློག་བྱེད་པའི་དྲན་རྟེན་ཏུ་བཞག དེས་ཀྱང་ངའི་སྙན་ངག་འབྲི་བ་ལ་ལམ་སྟོན་མི་ཉུང་བ་ཞིག་ཐོབ། དེ་ལྟར་ངས་ཐོག་མར་རང་གི་ངག་རྩོམ་ཚིགས་བཅད་མའི་རིགས་འབྲི་བར་སྦྱངས་ཤིང༌། ཞོར་དུ་རང་མོས་སྙན་ངག་གི་ཕྱོགས་སུ་ཡང་ལྟ་ཀློག་དང་གྱེར་འདོན་སོགས་མང་དུ་བྱས་ཏེ། རིམ་གྱིས་དུས་དེབ་དང་ཚགས་པར་སྟེང་གི་རྩོམ་པ་པོ་མང་པོ་ཞིག་ངོ་ཤེས་ཤིང༌། རང་ཉིད་ཀྱི་སྙན་ངག་ཡང་དུས་དེབ་དང་ཚགས་པར་སོགས་སུ་སྐུར་བའི་སྤོབས་པ་གཞི་ནས་སྐྱེས་སོང༌།
 ༢ཁྱེད་རང་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དག་ལ་ཆ་རྒྱུས་གང་ཙམ་ཡོད་པས། ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་དག་ལ་ཁྱད་པར་གང་འདྲ་འདུག་གམ།
ལན། སྤྱིར་བཏང་གི་ཆ་ནས་དེ་གཉིས་ནི་ཁོར་ཡུག་མི་འདྲ་བ་གཉིས་ནས་བྱུང་བ་ཡིན་པས། ཁོ་ཚོའི་སྤྱི་ཚོགས་ཀྱི་མྱོང་སྣང་དང༌། ཁོར་ཡུག་གི་གནས་བབ། སྨྲ་བརྗོད་རང་དབང་དང་བསམ་བློའི་ཁྱེར་སོ་སོགས་མང་པོ་ཞིག་གི་སྟེང་ནས་འདྲ་ནི་མ་རེད། ཅུང་ཚབས་ཆེ་བའི་ཁྱད་པར་ཞིག་སྣང་བ་ནི་བཙན་བྱོལ་ཁྲོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ལ་རང་གི་ཡུམ་སྐད་ཀྱི་རུས་རྐང་ཉམས་བཞིན་པའི་དུག་ནད་ཅིག་ཕོག་འདུག འདི་ནི་ཉམས་རྒུད་དུ་འགྲོ་བཞིན་པའི་མི་རིགས་ཤིག་ལ་མཚོན་ནས་བཤད་ན། ཉལ་ཐའི་དམག་འཁྲུག་ལྟ་བུའི་བཙན་འཛུལ་ཆེ་ཤོས་ཤིག་རེད་སྙམ། ང་རང་རྒྱུན་དུ་སྐྲག་ས་གཙོ་བོ་ཞིག་ཡོད་པའང་འདི་རེད། ཡང་ཞིག་བཤད་ན་རྩོམ་པ་པོ་ཟེར་བ་ནི་རང་གི་ཤེས་རྟོགས་ཀྱི་ཆ་དང་བསམ་ཚུལ་མང་པོ་ཡིག་ཐོག་ནས་གཞན་ལ་བརྗོད་ཐུབ་མཁན་ཞིག་ལ་གོ་བ་རེད། ཁོས་སྤྱི་ཚོགས་སུ་ཐོན་པའི་ནུས་པ་ཟེར་ནའང་དེ་རེད། ཁོ་ལ་གཞན་ལས་ལྷག་པའི་ཁྱད་ཆོས་ཤིག་ཡོད་པའང་དེ་ལས་མ་འདས། དེ་ན་གཞན་ལ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་གཙོ་བོ་སྟེ་སྐད་ཆ་དང་དེ་མཚོན་བྱེད་ཀྱི་མིང་བརྡ་དག་ཉམས་སོང་ན། ཁོས་བྲིས་པའི་རྩོམ་ཡིག་གིས་གཞན་ལ་གོ་བརྡ་འཕྲོད་ནི་མ་རེད། དེས་ན་ཁོས་རྩོམ་ཡིག་བྲིས་པའི་རྩ་བའི་དམིགས་ཡུལ་ཡང་མ་འགྲུབ་པ་རེད། ད་དུང་གནད་དོན་གཞན་ཞིག་ཡོད་པ་ནི་ང་ཚོའི་གྲས་ཀྱི་མང་པོ་ཞིག་གིས་རྩོམ་འབྲི་བ་ནི་རང་ཉིད་དྲིལ་བསྒྲགས་ཤིག་གི་ཚད་དུ་བཟུང་འདུག་པ་ལས། དོན་དངོས་ཐོག་ནས་བཤད་ན་རང་གི་དགའ་ཕྱོགས་དང་ལྷག་བསམ་ཀྱིས་སྐུལ་ནས་རྩོམ་འབྲི་མཁན་ཉུང་ཉུང་རེད་ལ། བོད་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་དང་འགན་འཁུར་ཐུབ་མཁན་གྱི་རྩོམ་པ་པོ་ཅུང་དཀོན་པོ་གདའ། འདི་ནི་བཙན་བྱོལ་རྩོམ་པ་པོ་མང་ཤོས་ཤིག་གི་མི་འདང་ས་གཙོ་བོ་རེད། དེ་དང་བསྡུར་ན་བོད་ནང་གི་རྩོམ་པ་པོ་ཕལ་ཆེ་བ་ཞིག་གིས་རྩ་བའི་ཀུན་སློང་དང་རང་གི་མི་རིགས་ལ་བཟུང་བའི་ཡིད་ཆེས་དང་སེམས་ཁུར་རྣལ་མ་རེ་ཁུར་འདུག
འདིར་དཔེར་མཚོན་ཙམ་དུ་འགའ་ཤས་དྲངས་ན།  འབྲོང་གི་རང་མོས་སྙན་ངག་ལྷ་ས། གཉན་གྱི་མུ་འགོད་སྙམ་ངག་རིང་མོ། ལག་རྩལ། སྒྲོལ་མ་སྐྱབས་ཀྱི་ཆབ་སྲིད་གླེང་བརྗོད་དེབ། ལྷིང་འཇགས་མེད་པའི་རི་བོ་ཧི་མ་ལ་ཡ། འཇམ་དབྱངས་སྐྱིད་ཀྱི་བུད་མེད་ཐོབ་ཐང་སྐོར་གྱི་ཟིན་བྲིས། ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར་ལྟ་བུ་དག་གིས་མཚོན་པའི་རྩོམ་ཡིག་དང་དཔེ་དེབ་མང་པོ་ཞིག་ཡོད། དེ་ནི་ཁོང་ཚོས་རང་གི་མི་རིགས་དང་སྤྱི་ཚོགས་ལ་འགན་ཁུར་བའི་སེམས་ཁོང་གི་འཕག་འཚག་རེ་རེ་རེད། དེ་ལྟ་བུའི་རྩོམ་པ་པོ་དག་གི་བརྩམས་ཆོས་ལ་རྒྱུས་ལོན་དང་མིག་དཔེ་བྱེད་རྒྱུ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་ཁ་ཕྱོགས་དང་རྒྱུས་སྤུས་མཐོར་འདེགས་བྱེད་པའི་ཐབས་ལམ་ཉག་ཅིག་རེད། རྒྱུ་མཚན་དེ་དག་ལ་གཞན་ལས་ལྷག་པའི་འབྲི་རྩལ་ཡོད་ནི་རེད། ལྷག་བསམ་ཡོད་ནི་རེད། ན་ཟུག་ཡོད་ནི་རེད། བསམ་བློ་ཡོད་ནི་རེད།
༣བོད་ཀྱི་ལོ་རྒྱུས་ཁྲོད་བུད་མེད་ཀྱིས་སྲིད་དབང་བཟུང་བའི་ལོ་རྒྱུས་གསལ་བོ་མ་ངེས་པས། དེའི་ཐོག་ལ་བསམ་ཚུལ་གང་འདྲ་འདུག
 
ལན། རེད་རེད། བུད་མེད་ཀྱིས་སྲིད་དབང་དངོས་སུ་བཟུང་བའི་ལོ་རྒྱུས་དཀོན་པ་བདེན་ཡང་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་ཁྲོད་ན་རྒྱལ་སྲིད་ལ་རོགས་འདེགས་བྱེད་མཁན་དང༌། བྱས་རྗེས་འཇོག་མྱོང་མཁན། དེ་མིན་ཆོས་སྲིད་ཀྱི་མཛད་འཕྲིན་ལ་བཀག་འགོག་དང་དབང་ཆ་མཁྲེགས་འཛིན་བྱེད་མཁན་གྱི་བུད་མེད་ཀྱང་མང་དུ་བྱུང་མྱོང་ནི་རེད། དཔེར་ན། བཙན་མོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཙན་པོ་མང་སྲོང་མང་བཙན་འདས་རྗེས་སུ་བྱུང་བའི་ཕྱོགས་མཐའི་ནང་འགུལ་མང་པོ་ཞོད་འཇགས་སུ་བཏང་སྟེ་བཙན་པོའི་སྲིད་དབང་སྲ་བརྟན་ཐད་བྱས་རྗེས་བཞག་མྱོང་ལ། སད་མ་ཀར་གྱི་བློ་བཀོད་ལས་སྲོང་བཙན་སྒམ་པོས་ཀྱང་ཞང་ཞུང་རྒྱལ་པོ་ཕམ་པར་བརྒྱབས་ཏེ་སྲིད་དབང་རྒྱ་བསྐྱེད་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་མྱོང་བ་རེད། གཞན་ད་དུང་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཚེ་སྤང་བཟས་བེ་རོ་ཙས་ཀླུ་བསྒྲུབས་ནས་ནད་གཏོང་རག་བར་དུ་བཙན་པོའི་ཆོས་སྲིད་ཐད་ཀྱི་མཛད་སྤྱོད་ལ་བཀག་འགོག་དང་ངོ་རྒོལ་བྱས་པའི་ལོ་རྒྱུས་ཡོད་པ་མ་ཟད། དེང་གི་ཆར་ཡང་བོད་ཀྱི་སྐྱེས་པ་ཚོ་ཐོན་ས་རེ་ལ་བུད་མེད་དག་མ་ཐོན་ས་ཞིག་ཡོད་ནི་མ་རེད། བྱ་ལས་གང་གི་ནང་དུའང་ཕོ་མོ་གཉིས་ཀའི་ནུས་པ་མཉམ་ཐོན་བྱས་ཡོད་ནི་རེད། དེ་ནི་ང་ཚོས་རང་གི་ཉེ་འཁོར་ནས་བལྟས་ཏེ་བསམ་བློ་ཞིབ་ཏུ་བཏང་ན་རྟོགས་སླ་ནི་རེད། དེས་ན་ང་ཚོས་རང་རིགས་ཀྱི་བུད་མེད་དམ་པ་དག་གི་མཛད་རྗེས་བྱུང་རབས་ལ་སྔོག་བཤེར་དང་འཚོལ་ཞིབ་མི་བྱེད་པ་ནི་ལོ་རྒྱུས་ཀྱི་ནོར་འཁྲུལ་ཆེ་ཤོས་ཤིག་རེད་སྙམ། ཡིན་ནའང་སྤྱི་ཚོགས་ཀྱི་གནས་བབ་བམ་སྲོལ་རྒྱུན་གྱི་འདུ་ཤེས་ཁྱེར་སྟངས་ཤིག་གིས་བོད་ཀྱི་བུད་མེད་ཚོའི་ལས་དོན་ཆེན་པོ་བསྒྲུབ་པའི་གྲངས་ཚད་དེ་སྐྱེས་པ་དང་བསྡུར་ན་ཅུང་བག་ལ་ཞ་ཡོད་པའང་བདེན་པ་རེད་མོད། འོན་ཀྱང་དེ་ལ་བུད་མེད་རྐྱང་རྐྱང་གི་ཉེས་པ་བགྲངས་ནས་བསྡད་ན་འགྲིག་ནི་མ་རེད། བོད་ཀྱི་བུད་མེད་གླེང་བ་ལ་བོད་ཀྱི་བུད་མེད་ལ་རྒྱུས་ལོན་བྱེད་དགོས་ནི་རེད། བུད་མེད་ལ་གོང་བཀུར་བྱེད་དགོས་ནི་རེད། བོད་ཀྱི་བུད་མེད་ལ་ལྷག་པའི་དཀའ་ངལ་མང་པོ་ཤེས་རྟོགས་ཐུབ་དགོས་ནི་རེད། བོད་ཀྱི་བུད་མེད་ཀྱི་བསམ་ཚུལ་དང་ལེན་བྱེད་ཕོད་དགོས་ནི་རེད། དེ་ཡང་གཙོ་བོ་རང་གི་ཨ་མ་དང་ཆུང་མ། ཡང་ན་སྲིང་མོ་དང་གྲོགས་མོ་སོགས་ཉེ་འཁོར་ན་གནས་པའི་བུད་མེད་དག་ལ་མཐོང་ཆེན་བྱེད་པ་ནས་འགོ་རྩོམ་དགོས་པ་རེད།  དེ་ལྟར་བྱས་ན་ཁོ་མོ་ཚོས་ཀྱང་སྐྱེས་པ་དག་དང་འདྲ་བའི་ཧམ་སེམས་རེ་ཁྱེར་འོང་བ་ང་ལ་ཡིད་ཆེས་ཡོད།
༤ཕྱི་གླིང་གི་བུད་མེད་ཚོའི་བསམ་བློའི་ཁྱེར་སྟངས་དང་བོད་ཀྱི་བུད་མེད་ཀྱི་བསམ་བློའི་ཁྱེར་སྟངས་ལ་ཁྱད་པར་གང་འདྲ་འདུག་གམ།
ལན། དེ་གཉིས་ནི་སྤྱི་ཚོགས་ཀྱི་གནས་སྟངས་མི་འདྲ་བ་གཉིས་རེད། གཙོ་བོ་མིའི་ཐོབ་ཐང་དང་རང་དབང་ཡོད་མེད། ཡང་ན་སྤྱི་ཚོགས་ཧྲིལ་པོའི་ཡར་རྒྱས་ཡིན་མིན་ཡང་ན་དཔལ་འབྱོར་རང་རྐྱ་ཐུབ་མིན་བཅས་ལ་བསྟེན་ནས་དེ་གཉིས་ལ་ཁྱད་པར་ཆེན་པོ་ཤོར་ཡོད་པ་རེད། དེར་བརྟེན་ཕྱི་གླིང་གི་བུད་མེད་ཚོའི་བསམ་བློའི་ཁྱེར་སྟངས་ནི་རང་དབང་དང་མང་གཙོ། འདྲ་གཉམ། དཔལ་འབྱོར་རང་རྐྱ་ཐུབ་པ་སོགས་ཀྱི་ཚད་གཞི་ནས་བྱུང་གི་ཡོད་པས། ཁོ་མོ་ཚོས་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་འཛིན་སྲིད་ནི་རེད། དེ་ལ་ཚད་མཐོན་པོས་གཅེས་སྤྲས་བྱེད་ནི་རེད། ད་དུང་རང་ཉིད་ལས་གཞན་གང་ལའང་ཡིད་ཆེས་བྱེད་ནི་མ་རེད། དེ་ནི་ཁོ་མོ་ཚོའི་འགྲན་རྩོད་སྤྱི་ཚོགས་ཀྱིས་བརྡར་བའི་ཤེས་རྟོགས་ཀྱི་རྣོ་དབལ་རེད། རང་དབང་ཁོར་ཡུག་གིས་བྱིན་པའི་གུ་ཡངས་དང་ང་རྒྱལ་རེད། ད་དུང་དཔལ་འབྱོར་འཕེལ་རྒྱས་ཀྱིས་གནང་བའི་འཚོལ་སྒྲུབ་ཀྱི་སྙིང་སྟོབས་རེད། ཡིན་ནའང་བོད་པའི་བུད་མེད་མང་ཆེ་བ་དེ་ལྟ་མ་ཡིན་པར་ད་དུང་རི་ལུང་ཐང་གསུམ་ན་ཉམ་ཆུང་བའི་ལས་ཀ་སྒྲུབ་བཞིན་ཡོད། ཡང་ཞིག་བཤད་ན་ཁོ་ཚོ་ད་དུང་ནར་མ་སོན་པའི་རང་བྱུང་ཁམས་ཀྱི་གཅེས་ཕྲུག་རེད་ཟེར་ནའང་ཧ་ཅང་འོས་པར་སྙམ། རྒྱུ་མཚན་ཁོ་མོ་ཚོས་འགྲོ་བ་མིའི་ཐོབ་ཐང་ཟེར་བ་ཧ་མི་གོ་བས། རང་ཉིད་ཀྱི་ཁེ་ཕན་ལས་གཞན་ལ་བྱམས་སྐྱོང་དང་རོགས་རམ་བྱེད་པར་བརྩོན་བཞིན་ཡོད། མདོར་དྲིལ་ན་ཁོ་མོ་ཚོས་གཞན་གྱི་ཆེད་དུ་རང་ཉིད་བློས་གཏོང་ཐུབ་ནི་རེད། ཁོ་མོའི་བརྩེ་དུང་དང་ཕུགས་འདུན་ཡོད་ཚད་མཇུག་བསྡུ་ཐུབ་ནི་རེད། དེ་ནི་གཙོ་བོ་སྲོལ་རྒྱུན་དང་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་ཤིག་རེད། གཞན་ང་ཚོའི་སྤྱི་ཚོགས་ཧྲིལ་པོ་ཡར་རྒྱས་མ་ཕྱིན་པའི་གས་སྲུབས་ཤིག་གི་ཉམ་ཆུང་བའི་དབུགས་རྒྱུན་རེད་ལ། དཔལ་འབྱོར་རང་རྐྱ་མ་ཐུབ་པའི་འཚོ་གནས་ཤིག་གི་དཀའ་ངལ་རེད། སྤྱི་ཚོགས་རང་དབང་ལ་མ་ཕྱོགས་པའི་གནོན་ཤུགས་ཀྱི་ཞྭ་མོ་རེད། ཆད་ལྷག་འདིའི་རིགས་ནི་བོད་ཀྱི་བུད་མེད་ཁོ་ནའི་སྐྱོན་མ་ཡིན་པར་ང་ཚོའི་སྤྱི་ཚོགས་ཡོངས་ལ་ད་དུང་མངའ་བའི་ཆད་ལྷག་ཅིག་ཏུ་འདོད།


༥ཆོས་ལུགས་ལ་དད་ཞེན་བྲལ་བའི་རྩོམ་པ་པོ་ཞིག་ཡིན་ཚེ་བོད་ཀྱི་རྩོམ་པ་པོ་ཡང་དག་ཞིག་ཆགས་སམ།
ལན། ཆོས་ལུགས་ཀྱི་དད་ཞེན་ཟེར་བ་ནི་མིའི་དགོས་མཁོ་ཙམ་རེད། དེ་ནི་མིའི་ལྷན་སྐྱེས་ཀྱི་རྣམ་རྟོག་མ་འཇིག་བར་དུ་ཡོད་ཆོག་པ་ཞིག་རེད། ཡིན་ནའང་རྩོམ་པ་པོ་ཟེར་བ་ནི་སྤྱི་ཚོགས་ཤིག་གི་མགྲིན་ཚབ་པ་དངོས་ཡིན་པས། ཁོ་ལ་དད་ཞེན་ཡོད་མེད་དེ་གནད་འགག་མ་རེད། གཙོ་བོ་ཁོས་རྩོམ་འབྲི་བྱས་པ་དེས་ཁ་གཏད་ཡུལ་གྱི་སྤྱི་ཚོགས་དེ་ལ་གོ་བརྡ་གསལ་བོ་སྤྲོད་ཐུབ་མིན་དེ་རེད། དེ་བས་མིའི་རིགས་ཀྱི་རྩོམ་པ་པོ་གྲགས་ཅན་དག་གི་གྲས་ནའང་ཆོས་ལུགས་ལ་དད་ཞེན་ཡོད་མེད་གཉིས་ཀ་ཡོད་ནི་རེད།
༦བོད་ཀྱི་སྲོལ་རྒྱུན་བསམ་བློའི་འཛིན་སྟངས་ཤིག་ལ་ཆོས་ལུགས་སྦྱང་མཁན་ནི་གྲྭ་བཙུན་ཁོ་ན་ཡིན་པའི་འདུ་ཤེས་ཡོད་པ་དེ་ནོར་འཁྲུལ་ཡིན་ནམ།
ལན། དེ་ནི་ནོར་འཁྲུལ་ཞིག་རེད། གྲྭ་བཙུན་ཁོ་ནས་སྦྱང་ནས་སྡོད་པ་དེ་སྤྱི་ཚོགས་ཁྲོད་ཧ་ཅང་ཁྱབ་ཆུང་བའི་རྣམ་པ་ཞིག་ཏུ་མཐོང་སོང༌། དེ་བས་སྐྱ་སེར་གཉིས་ཀས་ངེས་པར་དུ་སྦྱང་ཐུབ་པ་ན་ཡག་པོ་རེད།  ཡིན་ནའང་ད་ལྟའི་འཐུས་སྒོ་ཚང་བའི་དགོན་སྡེའི་སློབ་གསོ་ལ་ང་ཚོས་བརྩི་བཀུར་བྱེད་དགོས་པའང་ཧ་ཅང་གིས་གལ་ཆེན་ཞིག་ཏུ་འདོད།
༧མཐར་ཁྱེད་རང་བཙན་བྱོལ་དུ་ཕེབས་ནས་དཀའ་ངལ་ཆེས་ཤེས་དེ་གང་རེད་དམ།
ལན། མང་པོ་ཞིག་ཡོད་ཀྱང་གཙོ་ཆེ་ཤོས་དེ་ང་ཚོར་གཏན་འཇགས་ཀྱི་འཚོ་གནས་ཤིག་མེད་པས་མ་འོངས་པའི་བུ་ཕྲུག་དག་གི་འཚོ་སྡོད་ཐད་སེམས་ཁུར་བྱེད་དགོས་པ་ནི་ང་རང་རྒྱ་གར་ལ་ཡོང་རྗེས་ཀྱི་དཀའ་ངལ་འཕར་མ་ཞིག་རེད།
༨རང་ཉིད་རྩོམ་པ་པོ་ཡང་དག་ཞིག་བྱེད་འདོད་ཚེ་ཐོག་མའི་དམིགས་ཡུལ་དང་མཐའ་མའི་མངོན་འདོད་གྲུབ་བྱེད་བྱ་གཞག་གཙོ་བོ་གང་ལ་འབད་དགོས།
ལན། དེ་ནི་གཙོ་བོ་ལངས་ཕྱོགས་བརྟན་པ་དང༌། མིག་རྒྱང་རིང་བ། ཀུན་སློང་ཡང་དག་པ་གསུམ་གཙོར་བཟུང་གི་ཐོག་ནས་རྩོམ་འབྲི་མཇུག་སྐྱོང་ཐུབ་པ་དེའོ།
༩ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་བསམ་བློའི་ཚན་རིག་ཅིག་ཏུ་དེང་སང་ངོས་འཛིན་པ་དེ་ལ་ཁྱེད་ལ་དགོངས་ཚུལ་གང་འདྲ་འདུག་གམ།
ལན། ངས་བལྟས་ན་དེ་ནི་དེང་གི་བརྡ་འཕྲིན་རིག་གནས་དང་དཔལ་འབྱོར་སོགས་གོང་འཕེལ་བྱུང་བ་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྟེང་གི་རིག་གནས་དང་ཆོས་ལུགས་འདྲ་མིན་བར་འབྲེལ་འདྲིས་དང་རྒྱུས་ལོན་མང་དུ་བྱུང་བའི་ཤུགས་རྐྱེན་ལས་བྱུང་བ་ཞིག་རེད་བསམ། ཚང་མས་ཤེས་གསལ་ལྟར། མིའི་དཔལ་འབྱོར་དང་འཚོ་བ་ཡར་རྒྱས་ཅི་ཙམ་བྱུང་བ་དེ་ཙམ་གྱིས་མིའི་རིགས་ལ་ལྷག་པའི་དཀའ་ངལ་མང་པོ་ཞིག་ཐག་གཅོད་བྱེད་མི་ཐུབ་པ་བཞིན། དེང་གི་མི་མང་པོ་ཞིག་གི་རེ་འདོད་ཀྱང་འཁྲུག་རྩོད་དང་འཚེ་བ་མེད་པའི་འཚོ་གནས་ཤིག་ཐོབ་ན་སྙམ་པའི་བློ་དེ་རེད། དེས་ན་ནང་པ་སངས་རྒྱས་པའི་ལུགས་ན་གཞན་ལ་འཚེ་བ་མི་བྱེད་པ་དང་འཁྲུག་རྩོད་སྤང་པ་སོགས་ནི་གཙོ་བོ་ཡིན་ནི་རེད། དེས་མ་ཚད་བྱ་དངོས་གང་ཡིན་ཡང་བཏང་སྙོམ་དུ་འཇོག་པའམ་ཞི་འཇགས་སུ་གནས་རྒྱུ་ནི་ནང་ཆོས་ཀྱི་མཐར་གཏུགས་ཀྱི་དགོངས་པ་རེད། དེ་བས་མི་མང་པོ་ཞིག་གིས་ནང་ཆོས་ལས་རྙེད་པའི་ལེགས་ཆ་མང་པོ་ཞིག་ད་ལྟ་གཞི་ནས་ངེས་ཟིན་བྱུང་བཞིན་པ་རེད་སྙམ།
༡༠བོད་པའི་སློབ་མ་དག་ལ་མི་གཤིས་དང་རྒྱལ་ཞེན་ཅན་ཞིག་ཡོང་བར་དགེ་རྒན་གྱིས་བྱ་བ་གང་བརྩོམ་དགོས།
དེ་ནི་གཙོ་བོ་ཤ་དང་ཁྲག་གིས་སྦྲེལ་བའི་རང་གི་མི་རིགས་འདི་ཇི་ལྟར་ངོས་ཟིན་དུ་འཇུག་ཐུབ་མིན་དེར་ཐུག་ཡོད། མ་མཐར་ཡང་ང་ཚོས་གཞན་ལ་ངོམ་དུ་རུང་བའི་རང་གི་རྒྱལ་རབས་ལོ་རྒྱུས་དང༌། གནའ་དེང་གི་མི་སྣ་གྲགས་ཆེན་དག་གི་མཛད་རྗེས་ངོ་སྤྲོད་དང་ཤེས་རྟོགས་ཐུབ་པ་བྱུང་དུ་འཇུག་རྒྱུ་དེ་གནད་དུ་ཆེ་སྙམ། དེ་ལྟར་བྱས་ན་ཕྱི་རབས་པས་རང་གི་ཡབ་མེས་ཚོའི་ངོ་མཚར་བའི་བྱུང་བ་ལ་ཡིན་སྨོན་དང་མིག་དཔེ་རུ་འཛིན་པ་མ་ཟད། གཞན་རང་གི་གཏིང་ཟབ་པའི་ཆོས་སྲིད་དང་རིག་གཞུང་ལ་རྨོངས་དད་ཙམ་མ་ཡིན་པའི་ཡིད་ཆེས་དང་དགའ་ཞེན་འཕེལ་ཐུབ་པར་འདོད།