འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Saturday 30 March 2013

རྒྱང་རིང་ནས་དྲན། 
ས་ཆེན་པོ་ལྗང་མདོག་གིས་བསླངས་པའི་ལོ་ཟླ་རེ་རེ
གསེར་ཏོག་གིས་བསྣུབས་པའི་ཁྱེད་ཀྱི་མངའ་ཐང་ཡིན་ནམ
དེ་རིང་འདི་ལྟར། ཁྱེད་རང་རྩྭ་ཐང་གི་སྙིང་ཁ་ནས་གཉིད་དུ་ཡུར་དོན་ཅི

སྲ་མཁྲེགས་ཀྱིས་འགྱིང་པའི་བཙན་པོའི་རྒྱལ་མཁར
པོ་ཏ་ལའི་རྡོ་སྐས་ཀྱི་ཚ་དྲོད་ལས་བཞུ་དུས
ལོ་ཟླས་ཟ་བཞིན་པའི་གླེགས་བམ་ཐེད་པོ་དེ་ཁྱེད་ཡིན་ནམ
ཁྱེད་ཁོ་ན།  སུ་ཞིག་གི་མིག་གི་གཏིང་མཐར་ལྷུང་ཞིང་
སེམས་ཀྱི་སྙི་སར་ཟུག་བྱུང  ང་ཡི་པོ་ཏ་ལ


ཐག་རིང་ནས་རྟ་དྲེལ་གྱི་རྔུལ་ཆུས་ཁུར་འོངས་པའི་ལྷ་སའི་ཇོ་བོ
ཡང་བསྐོར་བསྐྱར་བསྐོར་གྱིསམཇལ་ཐེངས་རེར
སྐད་ཆས་མཚོན་མི་ཐུབ་པའི་ལྡོག་གཟུགས་ཟུར་ཁ་ཅན་དེ་དག
སྔ་ས་ནས།  རྗེན་པར་བཤུས་པའི་སྨྲ་ལྕེ་ཞ་ར་དེ་དག་གིས
ཁྱེད་ཀྱི་སྲིབ་ངོས་ལ་གྲིབ་ནག་གིས་བརྐོ་དོན་ཅི

སྲིན་མོ་ན་རྐྱལ་ལྟ་བུའི་ཡབ་མེས་ཀྱི་ཕ་མཁར་བཙན་པོ
རྒྱ་བཟའ་ཀོང་ཇོས་དར་གོས་ཀྱིས་ཡང་ཡང་ཕྱིས་ཤིང་
མཛེས་སྡུག་གིས་ཡོངས་སུ་བསྣུབས་སོང་བ་བདེན་ནམ
ལྕགས་པོ་རི་རྨས་ཟིན་པའི་གསུབ་མེད་ཀྱི་རྨ་ཁ
ད་ལྟ་ཡང་ས་ཆེན་གྱི་སྙིང་ཁ་ན་ཁྲག་ཏུ་འཛར་བཞིན་པ་འདྲ

གལ་ཏེ་དེ་ལྟར་མིན་ཚེ།  རྩྭ་ཐང་འདི་ལྟར་བདེ་ཐང་དུ་བསྒྱུར་དོན་ཅི
དེ་རིང་མཁའ་ལམ་དང་ལྕགས་ལམ་གང་སར་བཏོད་ཅིང་
རི་ཐང་ཧྲིལ་པོ་ཡུག་གཅིག་ཏུ་བསྲེས་དོན་ཅི

དེ་ལྟ་ནའང་བདག་གི་པོ་ཏ་ལ
ང་ཚོ་ལ་ད་དུང་མང་པོ་མང་པོ་ཞིག་ལྷག་འོས
ལོ་རྒྱུས་གསང་བར་བརྒྱུས་པའི་གསེར་མདོག་གི་བརྩིགས་པ
བཙན་འཛུལ་ངོ་གདོང་གིས་ཁུར་བའིསྐྱོ་ངལ་གྱི་བཞིན་རས
ད་དུང་།ནང་འགུལ་གྱིས་གསུབ་མ་ཐུབ་པའི་དབུ་རྩེ་མཐོན་པོ
ཡོད་ཚད། ཁྱེད་ཉིད་འཇིག་རྟེན་འདིར་འགྱིང་པའི་དན་རྟགས་མིན་ནམ

ང་ཡི་པོ་ལ་ཏ།  ཁྱེད་ནི་སུ་ཞིག་འགོ་བརྕམས་པའི་གཏམ་རྒྱུད་ཐོག་མ་ཡིན་པས
སུ་ཞིག་གིས་བོར་མི་ཆོག་པའི་ཁ་ཏན་ལྷག་མ་ཡང་ཡིན་འོས

ས་མཐོའི་སྲ་མཁྲེགས་ཀྱིས་བསྐྲུན་པའི་རུས་རྐང་དེའི་ཆེད་དུ
གངསཆུའི་དྭངས་གཙང་གིས་བསྐྱེད་པའི་ཁྲག་རྒྱུན་འདིའི་ཕྱིར་དུ
མེ་ལྕེའི་ཚ་གཟེར་གྱིས་བསླངས་པའི་འཕག་འཚག་དེའི་ལྷད་དུ

 ཁྱེད་ཀྱི་ཆེས་མཐའ་མཇུག་འཚོལ་མཁན་དེ་ང་ཚོ་ཡིན་ཆོག་གམ
པོ་ཏ་ལ།
༢༠༡༣     ༢༩ཉིན།

0 མཆན་བུ་འདེབ་ན་འདིར་ནོན:

Post a Comment