འཚོལ་ཞིབ།

དྲ་ངོས་ཀློག་གྲངས

ཡིག་སྒྱུར།


མཛའ་བརྩེ་ཡོད་ན་འཚོ་བ་ཡོད།

མཛའ་བརྩེ་ཡོད་ན་འཚོ་བ་ཡོད།
འཇིག་རྟེན་མུ་མེད་བྱེ་མའི་ཐང་སྟོང་ནས།།ཚེ་སྲོག་རླུང་གིས་ཁུར་ཡང་སྐྱོ་ཉམས་ཅི།།མཛའ་སེམས་གསེར་གྱི་ཐག་པ་མ་ཆད་ན།།མི་ཡི་འཚོ་གནས་འདི་ལ་སུན་དོན་ཅི།།

འོད་དུ་འཚེར་བའི་སྐད་ཆ།

འོད་དུ་འཚེར་བའི་སྐད་ཆ།
ཁྱེད་ཀྱིས་ཡང་དག་ཡིན་མིན་འཁྱེར་ཡོང་ནས་སྙན་ངག་ལ་ཐུགས་སུན་མ་བཟོ་ཅིག ཚེ་སྲོག་གི་སྟོབས་ཤུགས་ཆེས་ཆེ་བ་དེར་བསྟོད་བསྔགས་བྱ་རྒྱུ་ནི་ཆེས་རྩ་བའི་ཡང་དག་ཡིན། ཁྱེད་ཀྱིས་དཔྱོད་ཤེས་མིན་པ་དེ་འཁྱེར་ཡོང་ནས་སྙན་ངག་པ་ལ་ལེ་བདའ་མ་བྱེད་ཅིག རང་དབང་ལ་འབོད་སྐུལ་སྒྲོག་རྒྱུ་དེ་ནི་ཆེས་རླབས་ཆེན་གྱི་དཔྱོད་ཤེས་ཡིན

ཟིན་བྲིས་བཟོ་བཀོད་པ་བསོད་ནམས་འོད་ཟེར།
Powered by Blogger.

About Me

དྲ་ངོས་རྩོམ་སྒྲིག་པ། བདེ་འཚོ། དྲ་ཚིགས་བཟོ་བཀོད་པ།བསོད་ནམས་འོད་ཟེར།

སྒེར་གྱི་རྒྱུ་ཆ།

གཟུངས་ཕྱུག་སྐྱིད་ནི་མདོ་སྨད་མཚོ་སྔོན་མང་ར་རྫོང་གི་ཁོངས་གཏོགས་རུ་ངན་ཁག་གསུམ་གྱི་ཡ་གྱལ་ཚ་ནག་སྡེ་བར་སྐྱེས། ཕྱི་ལོ་༢༠༠༢ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར། བོད་ནང་དུ་སློབ་འབྲིང་སོགས་འགྲིམས་མྱོང་། སྔ་ཕྱིར་བོད་ཕྱི་ནང་གཉིས་ཀྱི་དུས་དེབ་དང་ཚགས་པར། དྲ་ཚིགས་སོགས་སུ་སྙན་རྩོམ་གཙོས་རྩོམ་ཡིག་ཉིས་བརྒྱ་ལྷག་སྤེལ་མྱོང་། མཚོ་སྔོན་ཞིང་ཆེན་རིམ་པའི་རྩོམ་ཡིག་བྱ་དགའ་ཡང་ཐོབ་མྱོང་། ད་ལྟ་འོད་དཀར་དྲ་ཚིགས་ཀྱི་རྩོམ་སྒྲིག་ལས་རོགས་དང་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད།

བཀླགས་གྲངས་མང་ཤོས།

Saturday 30 June 2012

ཡུན་རིང་མ་འཕྲད་དྲན་གདུང་སྐྱུར་མོ་ཁྲག་ཏུ་ལུད་པའི་ཕྱི་དྲོ་དེར།།
ཨ་མ་དྲན་པའི་ཚོར་སྣང་དྲག་པོས་སེམས་ཀྱི་བྲེལ་ཟིང་རླུང་ལ་སྐུར།།
རྫས་འཕྲུལ་གློག་གི་སྐུད་སྣེ་ཞིག་ནས་ཨ་མའི་སྐད་ངག་མཇལ་དུ་ཕྱིན།།
དམར་ཆུང་སྙིང་གི་འཕར་ལྡིང་བར་ནས་གཉོམ་པའི་སྐད་ངག་ཕར་ལ་བསྲིངས།།

མ་ཁྱེད་བདེ་འམ་སྤུན་ཉེ་དག་དང་སྡེ་མི་ཡོད་ཚད་བདེ་འམ་ཞེས།།
ཟོལ་མེད་ངག་གི་སྨྲ་ལྕེ་དག་མོས་འཚམས་འདྲིའི་ཚིག་གསུམ་ཤར་གྱིས་ལྷོད།།
བར་སྐབས་ཙམ་ལ་ཅི་ཡང་མི་སྨྲ་དབུགས་ཀྱི་རྒྱུ་བ་འདར་བཞིན་དུ།།
ཤིན་ཏུ་འཚེར་བའི་ངུ་ངག་དང་བཅས་ཨ་མས་ལན་དུ་འདི་སྐད་བརྗོད།།

ཕྱི་རུ་སོང་བའི་ལོ་ཟླ་རེ་རེ་མཛུབ་མོས་བརྩི་ཚུལ་མི་འདུག་ལ།།
དྲན་ཤིང་དམར་པོའི་གདུང་སེམས་དེ་ཡང་འཇགས་པའི་གོ་སྐབས་མ་བྱུང་བས།།
ཨ་མའི་བུ་མོ་དེ་རུ་མ་འདུག་རང་ཁྱིམ་དྲོན་མོར་ལོག་ཤོག་ཟེར།།
གསོན་བྲལ་ལོ་ཟླའི་ཤོག་ལྷེ་རེ་རེ་ཕར་ལ་རྫོགས་ཚོད་མི་འདུག་ཟེར།།

སྐྱིད་རུང་སྡུག་རུང་རང་ཕ་ཁྱིམ་གྲུ་བཞི་ཁྱེད་རང་འཚར་སའི་ཁྱིམ་གཞི་ཡིན།།
བཟང་རུང་ངན་རུང་སྤུན་ཉེ་རེ་རེ་སྔོན་ནས་འབྲེལ་བའི་ཉེ་འབྲེལ་ཡིན།།
ཁྱེད་རང་དགའ་བའི་འབྲི་ཞོ་དཀར་པོ་ད་དུང་ཨ་མས་བསྙལ་ཡོད་ཟེར།།
འཇམ་ཡག་ལུག་ཆུང་ཚར་ལྭ་དེ་ཡང་ད་དུང་ལྟེབས་ཆགས་བཤིག་མེད་ཟེར།།

སྐབས་རེར་ཨ་མའི་རྨི་ལམ་ནང་ནས་ཁྱེད་དང་འཕྲད་པའི་སྐབས་བྱུང་དུས།།
སྐྱོ་བའི་བཞིན་མདངས་སྡུག་གིས་མནོན་པའི་ངང་ཚུལ་ཡིད་ལ་དྲན་ཙ་ན།།
ཨ་མའི་བུ་མོ་ནད་ཀྱིས་གདུང་སྙམ་ཡིད་ལ་བདེ་བའི་སྐབས་བྲལ་ཏེ།།
མཆོག་གསུམ་ལྷ་ལ་གསོལ་འདེབས་བྱེད་ཀྱིན་ཡིད་ཀྱི་འཇིགས་སྣང་སེལ་ཐབས་བྱས།།

མཚམས་རེར་རྨི་ལམ་ཞིང་ནས་ཁྱེད་རང་དགའ་ཞིང་དགོད་པའི་ཚུལ་མཐོང་ཚེ།།
བདེ་བའི་ངང་དུ་འཚོས་འདུག་སྙམ་སྟེ་དགའ་བ་འབུམ་གྱིས་ཁེངས་བཞིན་དུ།།
བསྐྱར་འཁོར་ལོ་ཡི་ཁུགས་སོ་ཞིག་ནས་ཨེ་ཐུག་སྙམ་པའི་རེ་སྒུག་གིས།།
འཁྲེང་བའི་མིག་ཟུང་རྒྱང་ལ་གཏད་དེ་ཉིན་ཞག་མཛུབ་མོས་བརྩི་བཞིན་ཡོད།།

སྐྱིད་སྡུག་ལོ་ཟླ་རེས་སུ་འཁོར་བའི་རང་སྡེ་ཕྱུག་མོའི་ཕང་བ་ནས།།
ཁྱེད་ཀྱི་ན་མཉམ་བུ་མོ་རེ་རེ་མིག་ཟུང་ཕྲ་མོས་མཐོང་ཐེངས་རེར།།
འདས་པའི་ལོ་ཟླ་བསྐྱར་འཁོར་མེད་པའི་སེམས་གཅོང་སྟོང་གི་མྱ་ངན་གྱིས།།
ཨ་མ་ལོས་སྐྱོ་སྒོ་ཁྱི་དོམ་བུས་སྐྱོ་བའི་མགོ་བོ་བསྐྱོག་ནས་བལྟ།།

ཁྱེད་རང་རྩེན་སའི་སྤང་ལྗོངས་སྔོན་མོར་ད་ལྟ་དགུན་ཁ་སླེབ་འདུག་ལ།།
ཉི་འོད་འོག་ནས་སྐྲ་ལོ་འཁྲུ་སའི་གཙང་ཆུ་འཁྱག་པས་བསྡམས་ནས་འདུག།
གཡང་ལྡན་ལུག་ཆུང་མགོ་ཁྲ་དེ་ཡང་གཅན་གཟན་ལྭ་མོས་ཁུར་སོང་ཟེར།།
ཕྱི་ཡི་སྒོ་སྲུང་དོམ་བུ་དང་དཀར་རྒ་བའི་སྡུག་གིས་ནོན་འདུག་ཟེར།།

དྭངས་གསལ་ཆུ་མིག་ལ་ཁ་དེ་རུ་གཞུང་ལམ་ཤར་མར་བཏོད་འདུག་ལ།།
ན་མཉམ་ཕོ་གཞོན་མོ་གཞོན་ཕལ་ཆེར་ཆང་དང་ཤོ་ལ་ཕྱོགས་ཆེ་ཞིང་།།
གསེར་ཞོ་ཆགས་འདྲའི་རུ་སྡེ་ཕྱུག་མོ་རྒྱ་གྲོང་ལྟ་བུར་འགྱུར་སོང་པས།།
ཨ་མ་མ་ཤི་སྔོན་ཙམ་ཞིག་ལ་མྱུར་མོར་རང་ཡུལ་སྙོག་ཤོག་ཟེར།།


སྐྱོ་བའི་ངག་ལ་གདུང་བའི་མྱ་ངན་ལྕི།།
འཁང་རའི་ཚིག་ལ་བདེན་པའི་རང་ལུགས་ཚང་།།
འཁྲེང་བའི་སེམས་པས་ས་ཐག་རིང་པོ་ནས་།།
ཚིག་གི་མཆི་མ་དམར་པོ་ཤར་ཤར་ཕབ།།

ཁྱེད་རང་བདེན་ནོ་བསོད་ཟད་བུ་མོ་ཕྱི་རུ་འཁྱམས་པའི་དུས་ཡུན་རིང་།།
ལོ་དང་ཟླ་བ་ལག་པས་མ་ཟིན་མི་ལོ་བརྒྱད་ཙམ་འུར་གྱིས་བསྐྱལ།།
ཤུན་ཏུ་དྲན་པའི་གདུང་སེམས་དམར་པོ་ཁྲག་ཏུ་བཞུར་ན་འཛད་ཆོག་མོད།
ཕ་ཡུལ་གངས་རིར་ལོག་པར་ཆོག་པའི་གནང་བ་བདག་ལ་སུ་ཡིས་བསྩལ།།

དམ་བཅའི་ཚིག་གསུམ་ད་དུང་མ་འགྲུབ་སེམས་པས་རྒྱང་རིང་བསྐོར་ནས་ཡོད།།
འགྱུར་མེད་སེམས་ཀྱི་དྲན་ཤིང་བར་ནས་མཛལ་སེམས་ཐག་པ་ལྷོད་མྱོང་མེད།།
ལུས་ཀྱི་ཐོ་ཡོར་ཕྱི་རུ་འཁྱམས་ཀྱང་ཡུལ་མི་སྤུན་ཟླ་གླེང་བཞིན་ཡོད།།
དཀའ་སྡུག་སྟོང་གི་འགག་འཕྲེང་བར་ནས་ཕམ་པའི་མགོ་བོ་མ་སྨད་ཡོད།།

རང་བློ་ཚིམས་པའི་སྤྱི་བའི་ལས་ཞིག་ད་དུང་མ་འགྲུབ་ཕངས་བཞིན་ཡོད།།
རང་ཤ་བཙོང་བའི་ཞབས་འདྲེན་ཙམ་ཞིག་ཤི་ཡང་མི་བསྒྲུབ་ཁས་ལེན་ཡིན།།
ནམ་ཞིག་དུས་ཀྱི་བྱེད་པོ་དགྱེས་ནས་མཇལ་འཛོམས་གསེར་གྱི་ཞོགས་པ།།
རིང་མིན་མྱུར་དུ་གསལ་བར་ཤོག་ཅེས་ངས་ཀྱང་མཆོག་གསུམ་ལྷ་ལ་ཞུ།།

ཨ་མའི་གསེར་ཞལ་མཇལ་དུ་རེ་བ་རྨི་ལམ་ནང་གི་སྣང་བརྙན་ཡིན།།
སྙན་པའི་ངག་གི་གསུང་སྒྲོས་ཐོས་དུས་ཡིད་ལ་མྱ་ངན་སྣོན་མ་སྟེར།།
དུས་ཀྱི་རྟ་རྒོད་བང་གིས་རྒྱུག་པའི་ལོ་ཟླ་འཁོར་བའི་སོ་ཁ་ནས།།
རྟག་བརྟན་ཨ་མའི་འཛུམ་མདངས་དྲོན་མོ་སེམས་པའི་ངོས་ཀྱི་རི་མོ་ཉིད

0 མཆན་བུ་འདེབ་ན་འདིར་ནོན:

Post a Comment